ཏེན་མག་གི་དབུ་བཞུགས་བློན་ཆེན་གྱིས་བརྗོད་དོན།
བདག་དབང་སྐོར་ལ་གྲོས་མོལ་མི་བྱེད་པར་ཚོང་དོན་དམག་འཁྲུག་གྲ་སྒྲིག་བྱེད་ཀྱི་ཡིན།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨའོ་སི་ལུའུ་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཁོ་ཕེན་ཧ་ཀེན་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་20ཉིན། ཏེན་མག་གི་དབུ་བཞུགས་བློན་ཆེན་ཧྥུ་ལེ་ཙེ་ལི་ཁེ་སེན་གྱིས་དབྱི་ཧུའེ་གྲོས་ཚོགས་སུ་འདྲི་རྩད་དང་ལེན་བྱེད་སྐབས། ཀེ་ལིང་ལན་གླིང་ཕྲན་གྱི་གནད་དོན་ཐད་ཏེན་མག་གིས་བདག་དབང་དང་མཐའ་མཚམས་སོགས་ཀྱི་གནད་དོན་ལ་གྲོས་མོལ་བྱེད་མི་སྲིད་ལ། ཚོང་དོན་དམག་འཁྲུག་གྲ་སྒྲིག་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད།
ཧྥུ་ལེ་ཙེ་ལི་ཁེ་སིན་གྱིས་བརྗོད་དོན། ད་ཆ་ཏེན་མག་ལ“མཛའ་མཐུན་ཟབ་ཤོས་ཀྱི་མནའ་གྲོགས”ཀྱི་འཇིགས་སྐུལ་འཕྲད་བཞིན་ཡོད། ཉེ་ཆར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཨ་རིར་ཀེ་ལིང་ལན་གླིང་ཕྲན་རག་པར་ངོ་རྒོལ་བྱེད་པའི་ཡོ་རོབ་རྒྱལ་ཁབ་ལ་སྒོ་ཁྲལ་འཐོལ་པ་བསྡུ་རྒྱུའི་ཁྱབ་བསྒྲགས་བྱས་པར་དམིགས་ནས། ཧྥུ་ལེ་ཙེ་ལི་ཁེ་སེན་གྱིས་ཚོང་དོན་དམག་འཁྲུག་ལས་ནུབ་རྒྱ་མཚོ་ཆེན་པོའི་ངོགས་གཉིས་ཀྱི་ལས་ཞུགས་ལས་གནས་ཉུང་དུ་འགྲོ་རྒྱུ་རེད་ཅེས་ཐ་ཚིག་བསྒྲགས་པ་རེད།
ཧྥུ་ལེ་ཙེ་ལི་ཁེ་སིན་གྱིས། ཏེན་མག་གིས་ངེས་པར་དུ་ཐོན་སྲིད་པའི་གནས་ཚུལ་ལ་གྲ་སྒྲིག་ཨང་གསར་བྱེད་དགོས་ཞེས་བརྗོད་པ་དང་། ཁོང་གིས“གལ་ཏེ་མི་སུ་འདྲ་ཞིག་གིས་ཡོ་རོབ་དང་ཚོང་དོན་དམག་འཁྲུག་བསླངས་ཚེ་ང་ཚོས་དེར་ལན་སློག་ངེས་ཡིན”ཞེས་བརྗོད་པ་རེད།
ཏེན་མག་རླུང་འཕྲིན་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེར་ངོ་རྒོལ་ཏང་གི་གཙོ་འཛིན་མང་པོ་ཞིག་གིས་འདྲི་རྩད་བྱེད་སྐབས། ཧྥུ་ལེ་ཙེ་ལི་ཁེ་སེན་དང་ཏེན་མག་སྲིད་གཞུང་གི“དཀའ་ཚེགས་ཆེ་བའི་དུས་སྐབས”ཀྱི་ཁ་གཏད་གཅོག་པའི་བྱ་ཐབས་ལ་བསྔགས་བརྗོད་བྱས་པ་དང་འབྲེལ། སྲིད་གཞུང་གིས་ཉེ་དུས་སྤེལ་བའི་ཕྱི་འབྲེལ་སྲིད་ཇུས་དང་རྣམ་འགྱུར་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།