རང་རྒྱལ་དུ་ལོ་གཉིས་བསྟུད་མར་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་ཚོང་དོན་དྲང་ཁྱད་མངོན་འགྱུར་བྱུང་བ།
“ཀྲུང་གོའི་འབྲུ་རིགས”ལ“ཀྲུང་གོའི་ས་བོན”གཙོ་བོར་སྤྱད་པ།
སོན་ལས་ཀྱི་ཚན་རྩལ་གསར་གཏོད་སྤྱི་ཡོངས་ནས་འཛམ་གླིང་གི་གྲལ་སྟར་དང་པོར་སླེབས་པ།
ཞིང་ལས་དང་གྲོང་གསེབ་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2025ལོར་རང་རྒྱལ་གྱི་ས་བོན་ཕྱིར་གཏོང་བྱེད་ཚད་ཏུན་ཁྲི་6.2ཟིན་ནས་ཚོང་དོན་བསྡོམས་འབོར་གྱི་དྲང་ཁྱད་ཨ་སྒོར་ཁྲི་750ཟིན་པ་དང་། 2024ལོར་ཕྱིར་གཏོང་བསྡོམས་འབོར་དེ་ནང་འདྲེན་བསྡོམས་འབོར་ལས་ཐེངས་དང་པོ་བརྒལ་བའི་རྨང་གཞིའི་ཐོག་ལོ་གཉིས་བསྟུད་མར་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་ཚོང་དོན་གྱི་དྲང་ཁྱད་མངོན་འགྱུར་བྱུང་ཡོད། མིག་སྔའི་བར། རང་རྒྱལ་གྱི་ཞིང་ལས་སྐྱེ་དངོས་ཀྱི་རང་བརྟེན་འདེམས་གསོའི་སྣ་ཁའི་རྒྱ་ཁྱོན་གྱིས་95%ཡན་བཟུང་བ་དང་། སྒོ་ཕྱུགས་དང་ཁྱིམ་བྱ་དང་ཆུ་ཐོན་ཐོན་རྫས་ཀྱི་རྒྱལ་ཐོན་སོན་ཁུངས་ཁྲོམ་རའི་བཟུང་ཚད་80%དང་86%ལྷག་ཙམ་སོ་སོར་ཟིན་པ། “སྐེ་བཙིར”གནད་དོན་རྒྱུན་མཐུད་ཐག་གཅོད་ཐུབ་ནས“ཀྲུང་གོའི་འབྲུ་རིགས”ལ“ཀྲུང་གོའི་ས་བོན”གཙོ་བོར་སྤྱོད་པའི་གནས་བབ་དེ་བས་བརྟན་དུ་ཕྱིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་ན་ངེས་པར་དུ་ས་བོན་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས”ཞེས་ནན་བཤད་གནང་ཡོད། ཕྱི་རྒྱལ་གྱི་ཁྲོམ་ར་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། ཕྱི་ཕྱོགས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་དང་མགྱོགས་སུ་ཕྱིན་པ། རྒྱལ་སྤྱི་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ། སོན་ཁུངས་ཀྱི་རྒྱལ་སྤྱིའི་འགྲན་ནུས་བརྟན་པོའི་ངང་ཆེ་རུ་ཕྱིན་པ་བཅས་ལས་རང་རྒྱལ་གྱི་སོན་ལས་དར་རྒྱས་ཀྱི་གོམ་སྟབས་བརྟན་པོ་མངོན་ཡོད།
ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་དེ“ས་བོན་རྡོག་གཅིག”ནས“འཛམ་གླིང་གི་འབྲུ་རིགས”སུ་གྱུར་པ་དང་། ཀྲུང་གོའི་བཤས་བྱའི་རྒྱུད་ཁུངས་དེ་དུས་ཡུན་རིང་པོར་ནང་འདྲེན་ལ་བརྟེན་པ་ནས་རང་བརྟེན་ཞིབ་སྤེལ་གྱིས་ཕྱིར་གཏོང་བྱེད་པའི་བར་ལ་སོགས། 2025ལོར་རང་རྒྱལ་གྱི་རྒྱུད་འདྲེས་ཆུ་འབྲས་ཀྱི་ཚོང་ཟོག་ས་བོན་ཏུན་ཁྲི་3.6ཕྱིར་གཏོང་བྱས་པ་དང་ཕྱིར་གཏོང་བྱེད་ཚད་ལོ་བཅུའི་གོང་ལས་90%འཕར་བ་དང་སྲིང་བལ་གྱི་ས་བོན་ཏུན་ཁྲི་1.7ཙམ་ཕྱིར་གཏོང་བྱས་ཡོད། མིག་སྔའི་བར་རང་རྒྱལ་གྱི་རྒྱུད་འདྲེས་ཆུ་འབྲས་དང་། སྲིང་བལ། སྔོ་ཚལ་བཅས་ཀྱི་ས་བོན་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་ལ་ཕྱིར་གཏོང་བྱས་པ་དང་། རང་བརྟེན་ངང་གསོས་པའི་བཤའ་བྱ་དང་། ཁྱིམ་བྱ། བཤའ་ལུག བཤའ་ནོར། བཞོན་མ་སོགས་ཀྱང་སྔ་རྗེས་སུ་ཕྱིར་གཏོང་ཐུབ་པ། སོན་ལས་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་ཕྱིར་གཏོང་ཐུབ་པ་དེ་རང་རྒྱལ་གྱི་ཞིང་ལས་རྒྱལ་སྤྱིའི་མཉམ་ལས་ཁྲོད་ཀྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད།
མིག་སྔར། སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་འཕེལ་རིམ་ཕྱེད་ཀ་ལྷག་ཙམ་ལེགས་གྲུབ་ཟིན་ནས“ལོ་ལྔའི་རིང་ཕན་འབྲས་ཐོན་པའི”དམིགས་ཚད་ལས་འགན་ཚང་མ་ལེགས་གྲུབ་ཟིན་ཡོད། རང་རྒྱལ་གྱི་ཞིང་ལས་སོན་ཁུངས་ཀྱི་སྐྱུ་རུའི་དབྱིབས་ཀྱི་གྲུབ་ཆར་བལྟས་ན། རྩེ་མོའི་ལེགས་ཆ་དེ་བས་མངོན་གསལ་དོད་ཅིང་། ཆུ་འབྲས་དང་གྲོ་སོགས་མུའུ་རེའི་ཐོན་ཚད་དང་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས་རྒྱལ་སྤྱིའི་སྔོན་ལ་སླེབས་པ་རྒྱུན་འཁྱོངས་ཐུབ་པ་དང་། བར་གྱི་འབྲས་བུའི་ཧེ་བག་རིམ་བཞིན་ཆུང་དུ་ཕྱིན་ནས་མ་རྨོས་ལོ་ཏོག་རང་བརྟེན་འདེམས་གསོའི་སྣ་ཁའི་རྒྱ་ཁྱོན་གྱི་བཟུང་ཚད་2020ལོའི་91%ནས་94%བར་མཐོ་རུ་ཕྱིན་པ་དང་སྔོ་ཚལ་87%ནས་91%བར་མཐོ་རུ་ཕྱིན་པ། ས་འོག་གི་འབྲས་བུའི་སྣ་ཁ་ཁག་གཅིག་ཚད་བརྒལ་བྱུང་ནས་གུང་ལ་ཕུག་དང་། ཤིས་ལན་ཧྭ། ཙོང་རིལ་སོགས་ནང་འདྲེན་ལ་བརྟེན་པ་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་བར་འགྱུར་ལྡོག་འགྲོ་བཞིན་ཡོད།
སོན་ལས་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད་གོམ་སྟབས་གཅིག་གྱུར་བྱུང་ནས“ཀྲུང་གོའི་འབྲུ་རིགས”ལ“ཀྲུང་གོའི་ས་བོན”གཙོ་བོར་སྤྱོད་པར་རམ་འདེགས་བྱས་ཤིང་། ཉེ་བའི་ལོ་ལྔའི་རིང་། རང་རྒྱལ་གྱིས་སོན་ཁུངས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་། སྐྱེ་དངོས་སོན་གསོའི་རྣམ་གྲངས་གལ་ཆེན། རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་སྤེལ་འཆར་གཞི། སོན་གསོའི་མཉམ་འབྲེལ་འགག་སྒྲོལ་དང་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་ལེགས་གཏོང་འཆར་གཞི་བཅས་ལག་ལེན་བསྟར་ཏེ། འཛམ་གླིང་གི་རྒྱལ་ཁབ་ཀྱི་ཞིང་ལས་སྐྱེ་དངོས་དང་། སྒོ་ཕྱུགས་དང་ཁྱིམ་བྱ་དང་རྒྱ་མཚོའི་ཉ་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་རྩེ་གྲ་བསྐྲུན་པ་དང་། ཡ་ཀྲོའུ་མཚོ་ཁུག་རྒྱལ་ཁབ་ཚོད་ལྟ་ཁང་མཚོན་བྱེད་དུ་བྱས་པའི་རྒྱལ་ཁབ་རིམ་པ་དང་ས་ཁོངས་རང་བཞིན་གྱི་སོན་ལས་གསར་གཏོད་ལས་སྟེགས་མང་པོ་བཙུགས་པ། སོན་གསོ་གསར་གཏོད་བྱེད་པོ་ཡིན་པའི་རྒྱལ་ཁབ་ཀྱི་སོན་ལས་བཟང་བསྒྲིགས་ཁེ་ལས་ཡིན་པའི་ངོས་ནས་ཞིབ་སྤེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རིམ་པ་མང་བ་དང་ཕྱོགས་བསྡུས་རྣམ་པའི་སོན་གསོའི་འགག་སྒྲོལ་མ་ལག་བཙུགས་པ་དང་། རང་རྒྱལ་གྱི་སོན་ལས་ཚན་རྩལ་གསར་གཏོད་སྤྱི་ཡོངས་འཛམ་གླིང་གི་གྲལ་སྟར་དང་པོར་སླེབས་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ནང་སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས་ཞེས་བཏོན་ཡོད། ཞིང་ལས་དང་གྲོང་གསེབ་པུའི་འབྲེལ་ཡོད་འགན་འཁུར་བས་2030ལོའི་དམིགས་ཚད་ལས་འགན་དང་བསྡུར་ནས་སོན་རྒྱུའི་ཐོན་ཁུངས་གསལ་འབྱེད་བེད་སྤྱོད་ཡག་པོ་བྱེད་པ་དང་། སོན་གསོའི་གསར་གཏོད་འགག་སྒྲོལ་མགྱོགས་སུ་གཏོང་བ། གསར་གཏོད་ཐོན་ཁུངས་དེ་སོན་ལས་བཟང་སྒྲིག་ཁེ་ལས་སུ་འདུ་བར་སྐུལ་འདེད་གཏོང་བ། ས་བོན་མཁོ་འདོན་འགན་སྲུང་བྱེད་ནུས་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཐོན་འབབ་མཐོ་ལ་སྤུས་ཚད་ལེགས་པ་དང་། ལྗང་མདོག་ཡིན་ལ་མ་གནས་དམའ་བ། ཁྱད་ཆོས་ལྡན་ལ་ཆེད་སྤྱོད་ཡིན་པ་བཅས་ཀྱི་སོན་བཟང་དེ་བས་མང་བ་ཐོན་པར་བྱེད་པ་དང་ཀྲུང་གོའི་ས་བོན་ལ་བརྟེན་ནས་ཀྲུང་གོའི་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།