དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲལ་བསྡུའི་གྲངས་གཞི་ལས་མངོན་པར།

    2025ལོར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་སུ་འཕེལ་རྒྱས་མགྱོགས་པོ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-24

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2025ལོར། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་རྒྱལ་ཡོངས་ཀྱི་སྤྱིའི་བྲིན་ཚོང་གི་འཕར་ཚད་ལས་བརྒྱ་ཆའི་གྲངས་1.7གྱིས་མཐོ་བ་ཡོད་པ་དང་། བཟོ་སྐྲུན་ལས་རིགས་ཀྱིས་རྒྱལ་ཡོངས་ཀྱི་སྤྱིའི་བྲིན་ཚོང་ཁྲོད་བཟུང་བའི་བསྡུར་ཚད་29.7%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.5འཕར་ཏེ་བཟོ་སྐྲུན་ལས་རིགས་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་སུ་འཕེལ་རྒྱས་མགྱོགས་པོ་ཕྱིན་ཡོད།

    རིག་ནུས་ཅན་གྱི་རིམ་སྤོར་འཕེལ་རྒྱས་མགྱོགས་པོ་ཕྱིན་པ། གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གི་གྲངས་གཞི་ལས་མངོན་པར། 2025ལོར། རྒྱལ་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱིས་རང་འགུལ་ཅན་གྱི་སྒྲིག་ཆས་དང་གྲངས་འཛིན་ཅན་གྱི་སྒྲིག་ཆས་ཉོས་པའི་དངུལ་འབོར་དུས་མཚུངས་ལས་11.3%དང་10%སོ་སོར་འཕར་ཏེ་བཟོ་སྐྲུན་ལས་རིགས་རིག་ནུས་ཅན་དུ་ཕྱོགས་སྒྱུར་དང་གྲངས་འཛིན་ཅན་གྱི་སྒྱུར་བཀོད་འཕེལ་རིམ་མགྱོགས་སུ་ཕྱིན་ཡོད། བཟོ་སྐྲུན་ལས་རིགས་ཀྱི་རིག་ནུས་ཅན་སྒྱུར་བཀོད་རིམ་སྤོར་གྱིས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་སྟེ། 2025ལོར། རིག་ནུས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་28.1%འཕར་ཡོད།

    ལྗང་མདོག་ཅན་གྱི་ཕྱོགས་སྒྱུར་ལ་མུ་མཐུད་སྐུལ་འདེད་བཏང་བ། གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གྲངས་གཞི་ལས་མངོན་པར། 2025ལོར། རྒྱལ་ཡོངས་ཀྱི་ནུས་ཟད་ཆེ་བའི་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་ཀྱིས་བཟོ་སྐྲུན་ལས་རིགས་ཁྲོད་བཟུང་བའི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.1ཆག་སྟེ། ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད། བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱིས་ཁོར་ཡུག་བཅོས་སྐྱོང་ཞབས་ཞུའི་ཐད་བཏང་བའི་དངུལ་འབོར་དུས་མཚུངས་ལས་7.3%འཕར་ཞིང་། དེའི་ནང་ནུས་ཟན་ཆེ་བའི་བཟོ་སྐྲུན་ལས་རིགས་ཀྱིས་ཁོར་ཡུག་བཅོས་སྐྱོང་ཞབས་ཞུའི་ཐད་བཏང་བའི་དངུལ་འབོར་དུས་མཚུངས་ལས་14.6%འཕར་ཏེ་ལྗང་མདོག་བཅོས་སྐྱོང་ལ་མ་དངུལ་གཏོང་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད།

    གྲངས་འཛིན་ཅན་མཉམ་འདྲེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གི་གྲངས་གཞི་ལས་མངོན་པར། 2025ལོར། གྲངས་འཛིན་ཐོན་རྫས་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་9.4%འཕར་བ་དང་། བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱིས་གྲངས་འཛིན་ལག་རྩལ་ཉོ་བའི་ཐད་བཏང་བའི་དངུལ་འབོར་དུས་མཚུངས་ལས་10.4%འཕར་ནས་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།