2025ལོར་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་ཁྲི་98.3ལ་ཆད་པ་བཅད་པ།
དེའི་ནང་ཞིང་ཆེན་དང་པུའུ་རིམ་པ་དང་དེ་ཡན་གྱི་ལས་བྱེད་པ་69ཚུད་ཡོད།
ཉེ་ཆར། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ནས་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2025ལོའི་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད། 2025ལོར། རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་དོན་ཁྲི་101.2ཐོ་འགོད་བྱས་པ་དང་མི་ཁྲི་98.3ལ་ཆད་པ་བཅད་པའི་ནང་ཞིང་ཆེན་དང་པུའུ་རིམ་པ་དང་དེ་ཡན་གྱི་ལས་བྱེད་པ་69ཚུད་ཡོད།
བརྡ་ཁྱབ་ལས་མངོན་པར། 2025ལོར། རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་ཡིག་སྐུར་ཞུ་གཏུག་དང་ཐེར་འདོན་ཐེངས་ཁྲི་416.8དང་ལེན་བྱས་པའི་ནང་ཐེར་འདོན་དང་ཞུ་གཏུག་རིགས་ཀྱི་ཡིག་སྐུར་ཞུ་གཏུག་དང་ཐེར་འདོན་ཐེངས་ཁྲི་128.2ཚུད་པ་དང་། གནད་དོན་ཐག་གཅོད་བྱེད་པའི་ཁུངས་སྣེ་ཁྲི་263ཡོད་པ། གྱོད་གཞི་ཁྲི་101.2ཐོ་འགོད་བྱས་པའི་ནང་ཞིང་ཆེན་དང་པུའུ་རིམ་པ་དང་དེ་ཡན་གྱི་ལས་བྱེད་པ་115དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་5016 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་4.1 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་13.7བཅས་ཚུད་ཡོད། ད་ལྟའམ་དེ་སྔའི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་མི་ཁྲི་9.1ལ་གྱོད་དོན་ཐོ་འགོད་བྱས་པ། མི་ཁྲི་98.3ལ་ཆད་པ་བཅད་པའི་ནང་མི་ཁྲི་72.7ལ་ཏང་གི་སྒྲིག་ཁྲིམས་ཆད་གཅོད་དང་མི་ཁྲི་32.1ལ་སྲིད་དོན་ཆད་པ་བཅད་པ། ཞིང་ཆེན་དང་པུའུ་རིམ་པ་དང་དེ་ཡན་གྱི་ལས་བྱེད་པ་69དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་4155 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་3.5 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་12.5 ལས་བྱེད་པ་དཀྱུས་མ་ཁྲི་13.3 གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་ཁྲི་68.6བཅས་ལ་ཆད་པ་བཅད་ཡོད།
བརྡ་ཁྱབ་ལྟར་ན། 2025ལོར། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞི”སྤྱད་དེ་མི་ཐེངས་ཁྲི་198.4ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཤིང་། དེའི་ནང་རྣམ་པ་དང་པོ་སྤྱད་དེ་མི་ཐེངས་ཁྲི་98.7ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་དེས་མི་གྲངས་བསྡོམས་འབོར་གྱི་49.7%བཟུང་བ་དང་། རྣམ་པ་གཉིས་པ་སྤྱད་དེ་མི་ཐེངས་ཁྲི་81.7ལ་ཐག་གཅོད་བྱས་པ་དེས་41.2%བཟུང་བ། རྣམ་པ་གསུམ་པ་སྤྱད་དེ་མི་ཐེངས་ཁྲི་9.4ལ་ཐག་གཅོད་བྱས་པ་དེས་4.7%བཟུང་བ། རྣམ་པ་བཞི་པ་སྤྱད་དེ་མི་ཐེངས་ཁྲི་8.6ལ་ཐག་གཅོད་བྱས་པ་དེས་4.4%བཟུང་ཡོད། དེ་དང་ཆབས་ཅིག་ལྐོག་རྔན་སྤྲོད་ལེན་བྱས་རིགས་ལ་མཉམ་དུ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྐོག་རྔན་སྤྲོད་མཁན་ཁྲི་3.3ལ་གྱོད་དོན་ཐོ་འགོད་བྱས་པ་དང་མི་4306ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་ཡོད།
འབྲེལ་ཡོད་གསར་འགྱུར།