དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྲུང་ཁྲུང་སྐེ་ནག་བརྗོད་དོན་གཙོ་བོར་བྱས་པའི་གཞོན་ནུ་ལོ་ཆུང་གི་སྐྱེ་ཁམས་ལྟ་སྦྱོང་བྱེད་སྒོ་ལས་བྱིས་པའི་ཤེས་རྒྱ་འཕེལ་ཞིང་འཚར་ལོངས་ལ་སྐུལ་མ་ཐེབས་པ།

    ཁྲུང་ཁྲུང་གར་ལ་རྩེན། བྱིས་པ་དགའ་བས་བརྟས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-24

    འདི་ནི་ཟླ་1ཚེས་17ཉིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཁར་རྩེ་ཆུ་མཛོད་དུ་པར་བླངས་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།

    ཟླ་1ཚེས་17ཉིན་གྱི་ཞོགས་པ་ནམ་མ་ལངས་གོང་ནས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཁར་རྩེ་ཆུ་མཛོད་ཀྱི་མཁའ་དབྱིངས་སུ་ཁྲུང་ཁྲུང་སྐེ་ནག་གིས་ཅ་ཅོའི་སྐད་སྙན་སྒྲོག་བཞིན་ཡོད་པ་རེད།

    ཞོགས་པའི་ཆུ་ཚོད་6དང་ཕྱེད་ཀར་དམིགས་བསལ་གྱི་སྐོར་སྲུང་བ་ཆུང་ཆུང་སྟེ་ལྷ་ས་གྲོང་ཁྱེར་SOSབྱིས་པའི་གྲོང་དང་སྡེ་ཁུལ་གཞོན་ནུ་ལོ་ཆུང་གི་འཐུས་མི་ཚོ་ལྷ་ས་ནས་རླངས་འཁོར་ལ་བསྡད་དེ་ལྷུན་གྲུབ་རྫོང་དུ་བསྐྱོད་པ་དང་། དེ་གར་ས་གནས་དེ་གའི་རི་སྐྱེས་སྲོག་ཆགས་སྐོར་སྲུང་བ་སྤོ་བོ་བསྟན་འཛིན་དང་མཉམ་དུ་ཉིན་གཅིག་གི་སྐོར་སྲུང་ལས་དོན་ཉམས་སུ་མྱངས་ནས། འདམ་རར་འབབ་སྡོད་བྱེད་པའི་ཁྲུང་ཁྲུང་ལ་མཉམ་དུ་སྲུང་སྐྱོང་དང་ལྟ་ཞིབ་བྱས་པ་རེད།

    མཁར་རྩེ་ཆུ་མཛོད་དུ་འབྱོར་རྗེས། ཕྲུ་གུ་ཚོ་ཞིང་ཁའི་རྣང་མ་བརྒྱུད་མགྱོགས་མྱུར་བསྐྱོད་མཐར་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་འཁྱགས་ངོས་སུ་གཤོག་འགྱུར་གར་ལ་རྩེན་པ་མཐོང་། གྲང་ངར་ཇི་ལྟར་ཆེ་ཡང་ཚང་མས་རྒྱང་ཤེལ་བཟུང་ནས་ཁྲུང་ཁྲུང་གིས་བྲོ་གར་འཁྲབ་པར་ལྟ་བ་དང་། ཁྲུང་ཁྲུང་འཕུར་གྲབས་བྱེད་ཀྱི་འདུག་ཅེས་སྤྲོ་སྣང་ཆེན་པོས་འབོད་ཀྱིན་འདུག

    ཅུང་མ་འགོར་བར། ཤར་རིའི་རྩེ་ལས་འཕགས་པའི་ཞོགས་པའི་ཉི་འོད་ཁྲུང་ཁྲུང་སྐེ་ནག་ལ་འཕྲོ་སྐབས་འཇམ་ཐིང་ངེར་འོད་འཁྲིགས་སེ་རྣམ་པར་བཀྲ་བའི་ས་མཐོའི་རི་ཆུའི་མཛེས་རིས་ཤིག་གྲུབ། སྐབས་དེར་སྐོར་སྲུང་བ་ཆུང་ཆུང་ཚོས་ལོ་མང་པོར་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་གི་ལས་ཀ་སྒྲུབ་མྱོང་བའི་སྐོར་སྲུང་བ་སྤོ་བོ་བསྟན་འཛིན་མཐོང་། དེ་འཕྲལ་དྲི་བ་མང་པོ་གཅིག་རྗེས་གཉིས་མཐུད་དུ་དྲིས།

    “སྤོ་བོ་ལགས། ཁྲུང་ཁྲུང་ལ་ཁྲུང་ཁྲུང་ཟེར་དོན་གང་ཡིན་ནམ”

    “སྤོ་བོ་ལགས། ཁྲུང་ཁྲུང་ནམ་རྒྱུན་ཅི་ཞིག་ཟ་རྒྱུར་དགའ་པོ་ཡོད་དམ”

    “སྤོ་བོ་ལགས། ......” སྤོ་བོ་བསྟན་འཛིན་དགོད་བཞིན་དུ་ཕྲུ་གུ་ཚོ་ཁྲིད་ནས་མུ་ཁར་བསྐྱོད་དེ“གོ་ལ་ཧྲིལ་པོ་འདིར་ཁྱོན་ཁྲུང་ཁྲུང་རིགས་15ཡོད་པ་ལས། ཁྲུང་ཁྲུང་སྐེ་ནག་ནི་ས་མཐོར་སྐྱེ་འཚར་དང་། རྒྱུད་འཕེལ། དགུན་སྒྲོལ་བཅས་བྱེད་པའི་ཁྲུང་ཁྲུང་རིགས་འབའ་ཞིག་དེ་ཡིན”ཞེས་བཤད་པ་དང་། ཐག་མི་རིང་བའི་སར་གཤོག་རྩེད་རྩེ་བཞིན་པའི་ཁྲུང་ཁྲུང་བསྟན་ནས། “དེ་གསུམ་པོ་ནི་ཁྱིམ་ཚང་གཅིག་རེད། གཡས་ཕྱོགས་ཀྱི་གཟུགས་ཆེ་བ་དེ་ཨ་ཕ་དང་། གཡོན་ཕྱོགས་ཀྱི་ཅུང་ཆུང་བ་དེ་ཨ་མ་རེད། བར་དུ་ཡོད་པ་དེ་ནི་ཕྲུ་གུ་རེད”ཅེས་འགྲེལ་བཤད་བརྒྱབ།

    རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་རྗེས། ཕྲུ་གུ་ཚོ་སྤོ་བོ་བསྟན་འཛིན་དང་མཉམ་དུ་སྟག་མགོ་ཆུ་མཛོད་སྟོད་རྒྱུད་ཀྱི་མཚོ་སྟོད་གྲོང་ཚོར་ཡོང་ནས་ཞིང་ཁ་དང་མུ་ཁར་གྲོ་གཏོར་ནས་ཁྲུང་ཁྲུང་སྐེ་ནག་ལ་སྟེར་བ་རེད།

    ཕྲུ་གུ་ཞིག་གིས“སྤོ་བོ་ལགས། གྲོ་ཆུང་ཆུང་འདི་འདྲ་ཁྲུང་ཁྲུང་གིས་མཐོང་ངམ”ཞེས་དྲིས་པར། བསྟན་འཛིན་གྱིས་གྲོ་སྤར་བ་གང་གཏོར་ནས“མཐོང་གི་རེད། ཁྲུང་ཁྲུང་གི་མིག་ཧ་ཅང་གསལ་པོ་ཡོད”ཅེས་བཤད།

    ཁྲུང་ཁྲུང་སྐེ་ནག་བདག་སྐྱོང་བྱས་ནས་ལོ་15ཕྱིན་པའི་སྐོར་སྲུང་བ་ཞིག་གི་ངོས་ནས། བསྟན་འཛིན་ཉིན་ལྟར་གློག་སྒུལ་སྦག་སྦག་བཞོན་ནས་མཚོ་སྟོད་ཤང་མཐའ་འཁོར་གྱི་འདམ་རར་བསྐྱོད་དེ“ས་མཐོའི་གཅེས་ནོར”སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད།

    ཉིན་གཅིག་གི་སྐོར་སྲུང་ལས་ཀ་མཇུག་འགྲིལ་རྗེས། ཕྲུ་གུ་ཚོ་མཚོ་སྟོད་གྲོང་ཚོའི་མི་སེར་གྱི་སྒོ་ར་ཆུང་ཆུང་ནང་ཡོང་ཞིང་། ལྷུན་གྲུབ་རྫོང་ནོར་འཛིན་རི་མོ་ལས་དོན་ཁང་གི་འགན་འཁུར་བ་རིན་ཆེན་རྡོ་རྗེའི་མཛུབ་ཁྲིད་འོག ས་གནས་དེ་ག་ནས་ཐོན་པའི་ནས་སྤྱད་དེ་ཁྲུང་ཁྲུང་སྐེ་ནག་གི་བཟོ་ལྟ་དང་འདམ་རའི་སྐྱེ་སྟོབས་རི་མོའི་གཟུགས་སུ་ཕབ་པ་རེད།

    ཕྱིར་ལོག་པའི་ལམ་བར་དུ། གྲོགས་པོ་ཆུང་ཆུང་ཞིག་གིས་ཁ་པར་ཆུ་ཚོད་བརྒྱུད་ཨ་མར“དེ་རིང་ཁྲུང་ཁྲུང་སྐེ་ནག་དངོས་སུ་མཐོང་བྱུང་ལ། ད་དུང་གྲོགས་པོ་གསར་པ་ཡང་ངོ་ཤེས་བྱུང་བས་ཧ་ཅང་སྐྱིད་པོ་བྱུང”ཞེས་བཤད།

    བོད་རིགས་ཀྱི་གླུ་གཞས་ཤིག་ཏུ“བྱ་དེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང་། །ཐག་རིང་རྒྱང་ལ་མི་འགྲོ། ལི་ཐང་བསྐོར་ནས་སླེབས་ཡོང”ཞེས་བླངས་པ་བཞིན། ཁྲུང་ཁྲུང་སྐེ་ནག་ནི་བོད་ཀྱི་ངག་རྒྱུན་ཁྲོད་ཀྱི་བཀྲ་ཤིས་པའི་ཕོ་ཉ་ལྟ་བུ་དང་འདམ་རའི་སྐྱེ་ཁམས་ཀྱི“དམིགས་ཚད་གསོན་པོ”ཡིན་ལ། ལོ་ལྟར་དུས་ཆད་ལྟར་ལོག་ཡོང་བའི“ས་མཐོའི་སྐུ་མགྲོན”ཡང་ཡིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་འདིར་གཅེས་ནོར་འདི་དག་གིས་ས་མཐོར་སྔར་ལས་ལྷག་པའི་སྐྱེ་སྟོབས་རྒྱས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།