ཀྲུང་ནེའི་མཐའ་མཚམས་ཚོང་དོན་དང་མཉམ་ལས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་འཚོགས་པ།
ཚེས་20ཉིན། ཀྲུང་ནེའི་མཐའ་མཚམས་ཚོང་དོན་དང་མཉམ་ལས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་དང་། ནེ་པ་ལའི་བཟོ་ལས་ཚོང་ལས་དང་མཁོ་སྤྲོད་པུའུ་ཡི་དྲུང་ཡིག་ལཱ་མོ·ཕུ་ལ་ས་ཏི·ཅི་མི་ལེ་རྣམ་གཉིས་ཀྱིས་ཚོགས་འདུ་མཉམ་དུ་གཙོ་སྐྱོང་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་བསྟན་དོན། ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་དབར་རི་ཆུ་འབྲེལ་ཞིང་སྔར་ནས་ད་བར་ནེ་པ་ལ་ནི་ང་ཚོའི་གཏན་ཆགས་ཀྱི་གྲོང་པ་ཁྱིམ་མཚེས་ཡིན། བོད་རང་སྐྱོང་ལྗོངས་ཀྱིས་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་གང་ལེགས་བཏོན་ཏེ། ནེ་པ་ལའི་ཕྱོགས་ཀྱི་ཁྱབ་ཁོངས་ཁག་དང་གཏིང་ཟབ་པའི་མཛའ་གྲོགས་འགྲོ་འོང་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་སྐྲུན་པ་དང་ཀྲུང་ནེའི་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་འབུལ་གྱི་ཡིན།
ནེ་པ་ལ་ཕྱོགས་ཀྱིས་བསྟན་དོན། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་བརྩི་སྲུང་ཞུ་ཡི་ཡོད་ལ། ཕྱོགས་གཉིས་ཀྱི་རོགས་ཟླའི་འབྲེལ་བའང་ཉིན་རེ་བཞིན་ཟབ་ཏུ་དང་བརྟན་དུ་འགྲོ་བཞིན་ཡོད། ནེ་པ་ལ་ཕྱོགས་ཀྱིས་ཚོགས་འདུར་གྲོས་མོལ་བྱས་པའི་དོན་ཚན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ནེ་ཀྲུང་དབར་གྱི་ཚོང་དོན་མཉམ་ལས་ཐད་ཀྱི་ཐུན་མོང་ངོས་འཛིན་དེ་ཕན་འབྲས་དངོས་སུ་སྒྱུར་བར་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན།
ཕྱོགས་གཉིས་པོས་ཕྱོགས་གཉིས་ཀྱི་ཚོང་དོན་དང་རྒྱལ་སྒྲོལ་སྟབས་བདེ་ཅན་དང་། ཚོང་དོན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མཐའ་མཚམས་ཚོང་དོན་གྱི་མ་འཇོག་དང་མཉམ་ལས་སོགས་ཀྱི་དོན་དག་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་མ་ཟད། ཚོགས་འདུའི་ཟིན་བྲིས་གནད་བསྡུས་ལ་མཉམ་དུ་མིང་རྟགས་ཀྱང་བཀོད་པ་རེད།
ཀྲུང་ནེ་ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱི་འཐུས་མི་ཚོགས་འདུར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།