བོད་ཀྱི་སྒོ་ཁྲལ་སྙན་ཞུའི་ཚན་པར་ཐོ་འགོད་བྱེད་མཁན་1476ཟིན་པ།
གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། 2025ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན་བོད་ཀྱི་སྒོ་ཁྲལ་སྙན་ཞུའི་ཚན་པར་ཐོ་འགོད་བྱེད་མཁན་1476ཟིན་པའི་ནང་། ནང་འདྲེན་བཟའ་བཅའ་དང་བྱུག་རྫས་ཕྱིར་གཏོང་ནང་འདྲེན་ཚོང་པ་དང་། ཕྱིར་གཏོང་བཟའ་བཅའི་མ་བཅོས་རྒྱུ་ཆ་འདེབས་འཛུགས་ར་བ། ཤང་ཀང་དང་ཨའོ་མོན་ལ་མཁོ་འདོན་བྱེད་པའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་སོགས་དམིགས་གཏན་འཁེལ་བའི་འོས་ཐོབ་ཐོ་འགོད་ཁེ་ལས་147བར་མང་དུ་ཕྱིན་ནས། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་ཡོད་པ་རེད།
བོད་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆར་བརྟེན་ནས། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“20+15+12”ཀྱི་འགག་སྒོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་སྟབས་བསྟུན་ལག་ལེན་བསྟར་ཏེ། འགག་སྒྲོལ་སྟབས་བདེ་དང་སྲིད་ཇུས་གནད་སྨིན་ངང་དྲིལ་བསྒྲགས་བྱེད་པ་སོགས་ཕྱོགས་མང་པོའི་ཐད་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་དང་ཕན་འབྲས་ཆེ་རུ་བཏང་བ་རེད། 2025ལོར་སྒོ་ཁྲལ་སྙན་ཞུའི་ཚན་པར་ཐོ་འགོད་བྱེད་མཁན་263མང་དུ་སོང་བ་དེ་དུས་མཚུངས་ལས་12.4%འཕར་ཡོད་པ་རེད།
སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་ཐོན་ནས“བོད་ལྗོངས་ཀྱི་ཁྱད་ལྡན”གྱི་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་འདོན་ཐུབ་ཡོད། 2025ལོར་བོད་ཀྱིས་བལ་གྱི་སྤུན་མདོག་དང་། རྒུན་ཆང་། སྤོས་སོགས“བོད་ལྗོངས་ཀྱི་ཁྱད་ལྡན”ཐོན་རྫས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་ལྡབ་80དང་། ལྡབ་17 ལྡབ་2བཅས་སོ་སོར་འཕར་ཡོད་པ་རེད།
ལྷ་ས་འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བས། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འགག་སྒོ་སྒྲོལ་བའི་བརྒྱུད་རིམ་སྔར་བས་ལེགས་སུ་གཏོང་བ་དང་། སྲིད་ཇུས་ཀྱི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ། “ཕྱི་ཕྱོགས་ཚོང་དོན་གྱི་མངགས་ཐོ་དང་པོ”སྐྱེད་སྲིང་གི་འཆར་གཞི་ཚགས་ཚུད་དུ་གཏོང་བ་སོགས་བྱས་ཏེ། ས་མཐོའི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ“ཕྱིར་གཏོང་བྱེད་པར”སྐུལ་འདེད་བཏང་ནས་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་དེ་བས་ཆེ་བ་སྣོན་རྒྱུ་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།