དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་སྨུག་གྲོང་ཚོར།

    ཁེ་སྤོགས་བགོ་འགྲེམས་བརྒྱབ། ལོ་གསར་དགའ་བས་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-24

    ཟླ་1ཚེས་20ཉིན་ནི་གཞིས་རྩེའི་སོ་ནམ་ལོ་གསར་ཚེས་པ་གཉིས་ཡིན་ཞིང་། གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་སྨུག་གྲོང་ཚོར་ཚོན་དར་ལྷབ་ལྷུབ་ཏུ་གཡོ་བ་དང་མང་ཚོགས་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་མཉམ་དུ་འཛོམས་ནས་ལོ་གསར་དགའ་གཏོང་བྱེད་པ་དང་ཁེ་སྤོགས་བགོ་འགྲེམས་རག་ནས་དགའ་བའི་འཛུམ་མདངས་འཕྱུར།

    “2025ལོར་གྲོང་ཚོ་ཡོངས་ལ་ཁྱོན་སྒོར་ཁྲི་68ལྷག་ཙམ་བགོས་ནས་ལོ་གསར་སྐྱིད་པོ་ཞིག་གཏོང་རྒྱུ་བྱུང་སོང”ཞེས་སྨུག་གྲོང་ཚོའི་ཧྲུའུ་ཅི་དང་པོ་པད་མ་རྒྱ་མཚོས་འཛུམ་དམུལ་དམུལ་ངང་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེའི་བགོ་འགྲེམས་ནང་ངོ་མཚར་གྱི་སྨུག་གྲོག་རོང་ཡུལ་སྐོར་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཡོང་འབབ་སྒོར་ཁྲི་59ལྷག་ཙམ་དང་སྨུག་གྲོང་ཚོའི་བལ་ལས་སྣོན་མཉམ་ལས་ཁང་གི་ཡོང་འབབ་སྒོར་ཁྲི་9ཚུད་ཡོད་པ་རེད།

    སྨུག་གྲོང་ཚོ་ནི་རྒྱལ་ལམ་219ཡི་འགྲམ་དུ་གནས་པ་དང་། ཤར་ལྷོའི་སྤྱི་ལེ་8ཀྱི་སར་ངོ་མཚར་གྱི་སྨུག་གྲོག་རོང་ཡོད་པ་དེ་ནི་ལོ་ངོ་དུ་མའི་རིང་འཁྱགས་རོམ་དང་གངས་ཆུ་བཞུར་བ་ལས་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཤིག་ཆགས་ཡོད།

    ཡུལ་སྐོར་ཐོན་ཁུངས་གསར་སྤེལ་གཏིང་ཟབ་བྱ་ཆེད། 2020ལོར་སྨུག་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གྲོང་མིའི་སྣེ་ཁྲིད་དེ་ངོ་མཚར་གྱི་སྨུག་གྲོག་རོང་ཡུལ་སྐོར་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་མ་དངུལ་སྒོར་ཁྲི་108བཏང་ནས་ཡུལ་སྐོར་སྣེ་ལེན་ཞབས་ཞུའི་ལྟེ་གནས་དང་གྲོང་གསེབ་དར་རྒྱས་ཞབས་ཞུའི་མཛེས་ལྗོངས་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་བསྐྲུན་ནས་ཞབས་ཞུའི་ནུས་པ་དང་མཛེས་ལྗོངས་ཁུལ་གྱི་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད། 2025ལོར་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཁྲི་2ཙམ་ཡོང་ནས་སྤ་སེའི་ཡོང་འབབ་སྒོར་ཁྲི་73ལྷག་ཙམ་ཟིན་ཡོད། བགོ་འགྲེམས་བརྒྱབ་པ་ཕུད། མཛེས་ལྗོངས་ཁུལ་གྱིས་ད་དུང་དམངས་སྲོལ་གནས་ཚང་དང་། བཟའ་བཏུང་། ཚོང་ཁང་། འོ་ཇ་ཚོང་ཁང་སོགས་ཞོར་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་མང་ཚོགས་11ལ་ལས་གནས་མཁོ་འདོན་བྱས་པ་དང་ལོ་རེར་མི་རེར་ཡོང་འབབ་སྒོར་ཁྲི་3.6ཡོད་པ་རེད།

    ཉི་རྒྱལ་གྱིས་བཙུགས་པའི་དམངས་སྲོལ་གནས་ཚང་དུ་སྐྱོད་སྐབས་ཁྱིམ་ཆས་དང་། གྱང་ཤོག སྒྲིག་ཆས་བཅས་ཚང་མ་སྤུས་ཀ་ལེགས་པ་དང་། ཁང་པ་དཀར་ཆ་དོད་ལ་ཉི་འོད་འཕྲོ་སྐབས་དྲོ་སྐྱིད་ལྡན་པའི་སྣང་བ་ཞིག་སྦྱིན། “ང་ཚོའི་ཁྱིམ་ལ་བགོ་འགྲེམས་སྒོར་3500རག་བྱུང་། ན་ནིང་དམངས་སྲོལ་གནས་ཚང་བཙུགས་ནས་ཡོང་འབབ་སྒོ་ཁྲི་2ལྷག་ཙམ་བྱུང”ཞེས་ཉི་རྒྱལ་གྱིས་དགའ་ཚོར་ཆེན་པོས་བཤད། ཁ་བརྡ་བྱེད་རིང་ཉི་རྒྱལ་ཁྱིམ་གྱི་འབབ་ཁུངས་གཙོ་བོ་ནི་ལྕང་ར་བཟོ་སྐྲུན་ཨར་སྐྲུན་ཚད་ཡོད་ཀུང་སི་ནས་ཡིན་པ་ཤེས་བྱུང་།“སྔོན་ཆད་ལོ་ལྟར་ཡོང་འབབ་སྒོར་ཁྲི་སུམ་ཅུ་བཞི་བཅུ་ཙམ་ཡོད། ན་ནིང་གེགས་རྗེས་བསྐྱར་སྐྲུན་གྱི་འཛུགས་སྐྲུན་ནང་ཞུགས་པར་ཡོང་འབབ་དེ་ཙམ་རག་མ་བྱུང་། གཙོ་བོ་སེམས་ནུས་ཕྲན་བུ་འདོན་ཐུབ་ན་བསམས་བྱུང་། འདི་ནི་ང་ཚོ་ཏང་ཡོན་གྱི་འགན་འཁྲི་རེད”ཅེས་ཉི་རྒྱལ་གྱིས་ལྷག་བསམ་རྣམ་དག་ངང་དེ་ལྟར་བཤད།

    སྨུག་གྲོང་ཚོ་ནི་དིང་རིའི་ས་ཡོམ་ནང་གནོད་འཚེ་ཕོག་པའི་ཁུལ་ཞིག་ཡིན་པ་དང་གྲོང་ཚོ་ཡོངས་ཀྱི་དུད་ཚང་142ནང་དུད་ཚང་16བསྐྱར་སྐྲུན་དང་། དུད་ཚང་83ཉམས་གསོ་བྱས་ནས་བརྟན་དུ་བཏང་བས། བསྐྱར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་35ནས་སྨི་ངོས་གྲུ་210བར་ཡིན་པ་རེད། ལོ་71ལ་སླེབས་པའི་མཆོག་པ་ནི་འགན་ལེན་ལྔའི་དུད་ཚང་ཞིག་ཡིན་ལ་བུ་ཕྲུག་མེད་པས། ཁོང་ལ་སྨི་ངོས་གྲུ་35ཡི་བསྐྱར་སྐྲུན་སྡོད་ཁང་ཞིག་རག་པ་རེད། “སྡོད་ཁང་དེ་སྔ་ལས་ཅུང་ཆུང་བ་འདུག འོན་ཀྱང་ང་རང་མི་གཅིག་ལས་མེད་པས་དེའི་ནང་བསྡད་ན་སྐྱིད་པོ་འདུག”ཉིན་དེར་བགོ་འགྲེམས་རྒྱག་སྐབས་མཆོག་པར་སྒོར་3300རག་ཡོད། འོན་ཀྱང་ཁོང་དགའ་ཚོར་ཆེ་ཤོས་ནི་དངུལ་རག་པ་དེ་མིན་པར་དུས་རབས་གསར་པའི་གཞོན་ནུ་དང་བླངས་པས་ཟླ་རེར་ཁོང་གི་སར་ཐེངས་ལྔ་ཙམ་ཡོང་ནས་ཁོང་དང་ཁ་བརྡ་གློད་པ་དང་ཁོང་གི་ཁྱིམ་དུ་གཙང་སྦྲ་བྱེད་པ་སོགས་སེམས་ཁུར་ཡང་ཡང་བྱེད་པ་དེ་རེད།

    གྲོང་ཚོར་སྐོར་བ་གཅིག་བརྒྱབ་ནས་སླར་ཡང་བྱེད་སྒོ་སྤེལ་ཡུལ་དུ་སླེབས་སྐབས་བགོ་འགྲེམས་དེ་དག་སྤྲད་ཟིན་པ་དང་མང་ཚོགས་རྣམས་གླུ་ལེན་གར་འཁྲབ་བྱས་ཏེ་དགའ་བདེའི་དཔལ་ལ་རོལ་བཞིན་འདུག

    “ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་ཧ་ཅང་ཡག་པོ་ཡོད་པས་ཁྱིམ་ཚང་ཚང་མར་ཡོང་འབབ་འཕར་བའི་ཐབས་ལམ་ཡོད། ཁོང་ཚོའི་ངོས་ནས་བཤད་ན། ད་ལོའི་བགོ་འགྲེམས་ནི་ཡོང་འབབ་ཀྱི་ཆ་ཤས་ཙམ་རེད། ང་ཚོས་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་སྨུག་གྲོང་ཚོའི་མིང་གྲགས་ཆེ་རུ་ཤུགས་ཆེན་བཏང་ནས་གམ་པའི་ལུག་དང་། ལྷ་མོའི་རིག་གནས། བོད་ཆས་སོགས་ཁྱད་ལྡན་ཐོན་ལས་གཞན་དག་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱས་ནས་མང་ཚོགས་ལ་ཡོང་འབབ་རག་པའི་ལམ་བུ་གསར་པ་གཏོད་ཀྱི་ཡིན”ཞེས་པད་མ་རྒྱ་མཚོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།