དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་དངོས་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2026-01-24

    “‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་གི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་འགྲུབ་ཡོང་བར། ངེས་པར་དུ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས”ཞེས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་རིམ་ཁག་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པར་བླང་བྱ་ཁ་གསལ་བཏོན་གནང་བ་མ་ཟད། “སློབ་སྦྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ”དང་། “ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་དགོས་པ་དང་ལག་ལེན་བསྟར་དགོས་པ” “འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས་པ” “རུལ་སུངས་ལ་ངོ་རྒོལ་གྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་དགོས་པ”བཅས་ཀྱི་ནན་བཤད་གནང་ཡོད། ལོ་རྒྱུས་ཀྱི་འགག་གནད་གལ་ཆེན་འཕྲད་རིམ་བཞིན། རང་རེའི་ཏང་གིས་ཏང་ཡོངས་ལ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ན་དང་ཐོག་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་དགོས།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་བའི་འཐབ་ཇུས་ལས་འགན་ལ་ཚད་བརྒལ་གལ་ཆེན་ཡོང་བར་སྐུལ་འདེད་གཏོང་དགོས་པ”དེས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བྱང་ཚད་དང་ནུས་པར་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། མིག་སྔར། ཚན་རྩལ་གསར་གཏོད་བྱ་འཕུར་བ་ལྟར་གོང་དུ་འཕེལ་བ་དང་། སྤྱི་ཚོགས་འཕོ་འགྱུར་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་འགྲོ་བ། བྱ་དངོས་གསར་པ་བར་མེད་ཐོན་བཞིན་ཡོད། གལ་ཏེ་ཤེས་བྱ་དམན་པ་དང་། མིག་རྒྱང་ཐུང་བ། ནུས་པ་ཞན་པ་བཅས་ཡིན་ན། རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་ཅི་བྱ་གཏོལ་མེད་དུ་གྱུར་པ་དང་སྐྲག་སྣང་སྐྱེས་སྲིད་པས། གོ་སྐབས་ལ་དམ་འཛིན་ཇི་ལྟར་བྱེད། གསར་གཏོད་ཀྱི་འགོ་ཇི་ལྟར་འཛུགས།

    ནུས་པ་ཞན་པ་དང་འཇོན་ཐང་ཞན་པའི་དངངས་འཚབ་ཁྱད་བསད་བྱེད་དགོས་ན། སློབ་སྦྱོང་ནི་འགོ་འཛུགས་ས་རེད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ནི་རང་སྣང་འཇིག་རྟེན་སྒྱུར་བཀོད་བྱེད་པའི“འཚོ་བཅུད”དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི“ལྡེ་མིག”ཅིག་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་རྙེད་པ། བྱ་ཐབས་ཤེས་པ། བློ་གྲོས་སྐྱེད་པ་བཅས་བྱེད་དགོས་པ་དང་། ཁྱིམ་སྐྱོང་གི་འཇོན་ཐང་དང་། ཏང་དར་རྒྱས་གཏོང་བའི་འཇོན་ཐང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཇོན་ཐང་བཅས་ཁོང་དུ་ཆུད་པར་བྱེད་པ། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ཁོང་དུ་ཆུད་པར་བྱས་ཏེ། ཆབ་སྲིད་ཀྱི་ནུས་པ་དང་འཐབ་ཇུས་ཀྱི་བསམ་གཞིག་བྱེད་ནུས་ཆེ་རུ་གཏོང་དགོས། ཅི་ཞིག་ལས་ན་དེ་སྦྱོང་བ་དང་ཅི་ཞིག་ཆད་པ་དེ་ཁ་གསབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆེད་ལས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བ་དང་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། “ཡིག་ཐོག་གི་ཤེས་བྱ”སྦྱོང་བ་དང“འཚོ་བའི་ཉམས་མྱོང”གསོག་རྒྱུ་ཟུང་དུ་སྦྲེལ་ནས་ལག་ལེན་ཁྲོད་ནས་དེང་རབས་ཅན་འཛུགས་སྐུན་གྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    སྲིད་དོན་ལས་རྗེས་ཀྱི་ལྟ་བའི་གནད་དོན་ནི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན་ཞིང་། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བ་དང་འབྲེལ་བ་ཡོད། ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བའི་འགག་རྩ་ནི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དེ་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་འབད་འཐབ་བྱས་ཏེ་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་ནི་རྩ་བའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་ཤིག་རེད། དོན་དངོས་ནས་འགོ་འཛུགས་པ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་དངོས་སྒྲུབ་དཀའ་སྤྱད་བྱས་ན་གཞི་ནས་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་པ་དང་། མི་དམངས་ལ་བདེ་སྐྱིད་ངོ་མ་སྐྲུན་པ། མང་ཚོགས་ཀྱི་ཁས་ལེན་ཐོབ་པ་བཅས་ཀྱི་གྲུབ་འབྲས་གཏོད་ཐུབ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གཤིས་ནས་ཧེ་བག་འཚོལ་བ་དང་། འབྱུང་རྩ་སྔོག་པ། བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་རྟོགས་ངང་སྲིད་དོན་ལས་རྗེས་བརྩོན་ལེན་བྱེད་པའི་ཐད་སྔར་མེད་གསར་བཟོ་དང་། ཆེ་འདོད་གྲགས་ཞེན། ཕྱི་མཛེས་ནང་སྟོང་། མི་རྒྱུ་འཕྲོ་བརླག་གཏོང་བ། དཔོན་གསར་གྱིས་ལས་དོན་རྙིང་པར་ཁ་ཡ་མི་བྱེད་པ་བཅས་ཀྱི་སྤྱོད་ཚུལ་གཏན་འགོག་བྱས་ཏེ། དངོས་སྒྲུབ་དང་ལས་རྗེས་དངོས་ལ་བརྟེན་ནས་དམངས་ལ་ཕན་བདེ་སྐྲུན་པ་དང་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས།

    རྒྱང་ལམ་གསར་པ་ནི་རྒྱང་སྐྱོད་གསར་པ་ཞིག་ཡིན་པས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱ་རྒྱུའི་གྲ་སྒྲིག་དུས་དང་རྣམ་པ་ཀུན་ཏུ་བྱེད་དགོས་པ་དང་། ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བར་ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས།

    མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འཕྲད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གདིང་རྩའི་འགལ་བ་དང་གནད་དོན་ལ“གཡོལ་ཐབས”མེད། མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི“ལོའུ་ཧྲན་ཀོན་འགག་སྒོ”དང་། “ལ་ཙི་ཁོའུ”ལྟ་བུའི་དཀའ་ངལ་མདུན་དུ། ང་ཚོས་འཐབ་ཇུས་ཀྱི་རང་འགུལ་རྒྱུན་འཁྱོངས་ཀྱིས་ཉེན་ཁ་གསལ་རྟོགས་ཀྱི་ནུས་པ་དང་སྔོན་དཔག་གི་ནུས་པ་ཆེ་རུ་གཏོང་དགོས་པ་མ་ཟད། ཚོར་སྣང་སྐྱེན་པོ་དང་བྱ་སྤྱོད་མྱུར་པོར་བརྟེན་ནས་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་དེ་བས་ཀྱང་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དཔའ་ངར་ཆེར་སྐྱེད་དང་དཀའ་བར་མ་འཛེམས་པར་མདུན་དུ་སྐྱོད་ཕོད་པ་དང་། ཉེན་ཁ་སེལ་མཁས་པ་དང་། འགྲན་སློང་བསུ་མཁས་པ། འགག་གནད་ལས་སྒྲོལ་མཁས་པ་བཅས་བྱས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་འཕྲལ་ཐག་ཆོད་པོས་སེལ་བ་དང་། གནོད་རྐྱེན་དེ་དག་དགྲ་ལས་རྣམ་པར་རྒྱལ་བའི་མཐུན་རྐྱེན་དུ་གང་ཐུབ་བསྒྱུར་ཏེ་ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས།

    “ལོ་ལྔ་ཚན་བཅོ་ལྔ་པའི”དམིགས་ཚད་ལས་འགན་མངོན་འགྱུར་བྱེད་དགོས་ན། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་འགན་སྲུང་ཡིན་པས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ཆད་པ་གཅོད་དགོས།

    རུལ་སུངས་ཀྱིས་ཆབ་སྲིད་ཀྱི་ཁོར་ཡུག་ལ་སྦགས་བཙོག་བཟོ་བ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་གཏོང་གི་ཡོད། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཕན་འབྲས་ཇི་ཙམ་ཆེ་ན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་སྲུང་དེ་ཙམ་གྱིས་ནུས་ལྡན་ཡོང་གི་ཡོད། མིག་སྔར་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། རུལ་སུངས་མཆེད་པའི་རྒྱུ་དང་རྐྱེན་མེད་པར་བཟོ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བས། དེ་ཐོག་ནས་ངེས་པར་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་གོམ་པ་གཅིག་ཀྱང་སྤོ་མཚམས་མི་འཇོག་པ་དང་གོམ་པ་ཕྱེད་ཙམ་ཡང་ཕྱིར་བཤོལ་རྒྱག་མི་རུང་ལ། སྙིང་རྗེའང་གཏན་ནས་བྱེད་མི་རུང་བ་བསྟན་ཡོད། ཏང་གི་སྒྲིག་ཁྲིམས་དང་ལས་སྒྲུབ་ལས་གཏོད་ནི་ནང་གནས་གཅིག་གྱུར་ཡིན་པ་སེམས་ལ་བརྟན་པོར་ངེས་དགོས་ཤིང་། ཁྲིམས་སྲོལ་ལམ་ལུགས་ནི“འཆིང་སྔགས”ཡིན་ལ། “སྲུང་འཁོར”དེ་བས་ཀྱང་ཡིན་པར་གོ་བ་གཏིང་ཟབ་བླངས་ནས། སྒྲིག་ཁྲིམས་ཤེས་པ་དང་། སྒྲིག་ལམ་རྟོགས་པ། གུས་སྐྲག་ཤེས་པ་བཅས་ཀྱི་སྒོ་ནས་སྤྱོད་གཙང་དང་བློ་ཁོག་ཆེན་པོས་ལས་དོན་སྒྲུབ་དགོས།

    སྐྱོད་ས་ནི་བདེན་པའི་ལམ་དང་སྒྲུབ་པ་ནི་བདེན་པའི་ལས་ཡིན་པས། སྔར་སྒྲུབ་མཁན་མེད་པ་དང་དཀའ་ཉེན་ཁྲི་སྟོང་མང་པོ་འཕྲད་སྲིད་ཀྱང་། སེམས་ལ་མི་སེར་དང་ལག་ཏུ་བདེན་དོན་ཡོད་ཕྱིན། གདེང་ཚོད་དང་སྟོབས་ཤུགས་ཀྱིས་ཁེངས་ནས་བློ་ཐག་རྦད་ཆོད་ཀྱིས་མདུན་སྐྱོད་ལམ་དུ་བཞུད་ཐུབ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སེམས་ནུས་གཅིག་སྒྲིལ་དང་། འགན་ལྕི་ཁུར་ལེན། འབད་འབུངས་ལས་སྒྲུབ་བཅས་བྱས་ན། ང་ཚོས“ལོ་ལྔ་ཚན་བཅོ་ལྔ་པའི”བརྗིད་ཆེའི་འཆར་འགོད་དེ་དོན་དངོས་སུ་སྒྱུར་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།