ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ།
《དམག་དོན་རིགས་པའི་གཞུང་ལུགས་ཀྱི་ལས་དོན་སྲོལ་ཡིག》ཁྱབ་བསྒྲགས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ《དམག་དོན་རིགས་པའི་གཞུང་ལུགས་ཀྱི་ལས་དོན་སྲོལ་ཡིག》ཁྱབ་བསྒྲགས་གནང་ཞིང་། སྲོལ་ཡིག་དེ་2026ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། དམག་དོན་རིགས་པའི་གཞུང་ལུགས་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བར་དམིགས་ནས་དམག་དོན་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་རྩེ་རིམ་ཇུས་འགོད་ལེགས་སུ་གཏོང་བ་དང་། དམག་དོན་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་སྟངས་ལེགས་སུ་གཏོང་བ། དམག་དོན་རིགས་པའི་གཞུང་ལུགས་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་དོན་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་པ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དམག་དོན་རིགས་པའི་གཞུང་ལུགས་ལས་དོན་གྱི་གཞི་རྩའི་བླང་བྱ་དང་ལམ་ལུགས་བཀོད་སྒྲིག་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་དུ་གཏོང་བ་བཅས་ནི་དམག་དོན་རིགས་པའི་གཞུང་ལུགས་ཀྱི་ལས་དོན་སྤེལ་བའི་ཁྲིམས་སྲོལ་གྱི་གཞི་འཛིན་ས་གལ་ཆེན་ཞིག་རེད།
《སྲོལ་ཡིག》ལ་ཁྱོན་བསྡོམས་ལེའུ་7དང་ནང་གསེས་52ཡོད་ཅིང་། དམག་དོན་ཨུ་ལྷན་གྱིས་སྤྱི་ཡོངས་ལ་དོ་དམ་བྱེད་པ་དང་། དམག་ཁུལ་གྱིས་དམག་འཐབ་གཙོ་བོར་བྱེད་པ། དམག་རིགས་ཀྱིས་འཛུགས་སྐྱོང་གཙོ་བོར་བྱེད་པ་བཅས་ཀྱི་སྤྱིའི་རྩ་དོན་གཞིར་བཟུང་། དམག་དོན་རིགས་པའི་གཞུང་ལུགས་ལས་དོན་གྱི་དོ་དམ་སྒྲིག་སྲོལ་ཚད་ལྡན་དང་ཁ་གསལ་བཟོས་པ་དང་། དུས་རབས་གསར་པའི་དམག་དཔུང་གི་འཐབ་ཇུས་འཆར་འགོད་མ་ལག་གཞིར་བཟུང་དམག་དོན་རིགས་པའི་གཞུང་ལུགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་། འཛུགས་སྐྲུན་འཆར་འགོད། ལོ་འཁོར་གྱི་འཆར་གཞི་བཅས་ཀྱི་ནང་དོན་གཙོ་བོ་དང་བཟོ་འགོད་ཁྱབ་བསྒྲགས་གོ་རིམ་ཁ་གསལ་བཟོས་པ། གཅིག་གྱུར་དང་གཏོང་སྤྲོད་ཟུང་འབྲེལ་དང་རིགས་དབྱེ་དོ་དམ་བྱེད་པར་མཐོང་ཆེན་བྱས་ཏེ་དམག་དོན་རིགས་པའི་གཞུང་ལུགས་ཀྱི་རྣམ་གྲངས་འཛུགས་པ་དང་། བརྗོད་གཞི་འགོད་པ། ལག་ལེན་བསྟར་བ། ར་སྤྲོད་བྱེད་པ། ཞིབ་བཤེར་རྩིས་ལེན་བྱེད་པ་སོགས་དོ་དམ་སྦྲེལ་ལམ་གྱི་བརྒྱུད་རིམ་ཧྲིལ་པོ་མ་ལག་རང་བཞིན་གྱིས་ཚད་ལྡན་བཟོས་པ། དམག་དཔུང་སྟོབས་ཆེའི་ལག་ལེན་ལ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་ཁྲིད་སྟོན་བྱེད་པར་དམིགས་ནས་དམག་དོན་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཐོ་འགོད་མཉམ་སྤྱོད་དང་། གདེང་འཇོག་ངོས་འཛིན། ཁྱབ་སྤེལ་བཀོལ་སྤྱོད། ཕྱིར་འདེད་གདེང་འཇོག་སོགས་བྱེད་ཐབས་ཀྱི་བླང་བྱ་ཁ་གསལ་བཟོས་ཡོད། 《སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས་དམག་དོན་རིགས་པའི་གཞུང་ལུགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།