དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོ་ནི་སྔར་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་ཀ་རྟེན་གལ་ཆེན་ཞིག་རེད”

    འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་པོར་ཀེ·པུའུ་ལུན་ཏེར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  རེན་ཡན། ཚུའེ་ཆི།   |     སྤེལ་དུས།  2026-01-23

    པོར་ཀེ·པུའུ་ལུན་ཏེ།

    འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2026ལོའི་ལོ་ཚོགས་ཟླ་1ཚེས་19ནས་ཚེས་23ཉིན་བར་སུའེ་ཙེར་གྱི་ཏ་ཝོ་སི་རུ་འཚོགས་པ་རེད། ལོ་ཚོགས་ཀྱི་གོང་ཚེས་ཉིན། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་པོར་ཀེ·པུའུ་ལུན་ཏེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“གོ་ལ་ཧྲིལ་པོའི་ཐོན་ལས་རིམ་སྤོར་དང་ལྗང་མདོག་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་སུ་ཀྲུང་གོས་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་དང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་རྒྱུན་མཐུད་ཤུགས་རྐྱེན་གཏིང་ཟབ་ཐེབས་བཞིན་ཡོད། ཀྲུང་གོར་འཛམ་གླིང་གི་སློབ་ཆེན་མ་ལག་རྩེ་གྲ་དང་འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད་ཡོད་པ་མ་ཟད། ད་དུང་ཞིབ་སྤེལ་དང་གསར་གཏོད་ཐད་མུ་མཐུད་མ་དངུལ་གཏོང་བཞིན་ཡོད་པས། ང་ཚོ་ཀྲུང་གོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་ཡོད། 2026ལོར་རྒྱང་ལྟ་བྱས་ཚེ། ཀྲུང་གོ་ནི་སྔར་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་ཀ་རྟེན་གལ་ཆེན་ཞིག་རེད”ཅེས་བརྗོད་པ་རེད།

    པུའུ་ལུན་ཏེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་ལོ་ཚོགས་ནི“སྐད་ཆ་ཤོད་རེས་ཀྱི་སྙིང་སྟོབས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་130ལྷག་ཙམ་ནས་ཡོང་བའི་ཚོགས་ཞུགས་པ་3000ཙམ་གྱིས་གྲོས་གཞི་ཆེན་པོ་ལྔ་ལ་དམིགས་ནས་གྲོས་བསྡུར་བྱས་པ་སྟེ། འགྲན་རྩོད་ཚབས་ཇེ་ཆེར་འགྲོ་བའི་འཛམ་གླིང་ཁྲོད་དུ་ཇི་ལྟར་མཉམ་ལས་བྱ་རྒྱུ་དང་། འཕར་ཤུགས་གསར་པ་ཇི་ལྟར་འདོན་སྤེལ་བྱ་རྒྱུ། མི་སྐྱོང་མ་འཇོག་ཇི་ལྟར་དེ་བས་ལེཌ་པ་བྱ་རྒྱུ། གསར་གཏོད་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ལ་ཇི་ལྟར་སྐུལ་འདེད་གཏོང་རྒྱུ། སའི་གོ་ལའི་ཚད་གཞི་ཇི་ལྟར་སྲུང་སྐྱོང་དང་དར་རྒྱས་བྱ་རྒྱུ་བཅས་རེད།

    “ངེས་མེད་ཀྱི་རང་བཞིན་ཆེ་བའི་དུས་རབས་འདིར། སྐད་ཆ་ཤོད་རེས་ནི་ཡོད་ཀྱང་རུང་ལ་མེད་ཀྱང་རུང་བའི་རྒྱས་སྤྲོས་ཀྱི་བྱ་བ་ཞིག་གཏན་ནས་མིན་པར་ཁ་ཚ་དགོས་གཏུག་གི་མཁོ་ཆས་ཤིག་ཡིན་ལ། གནད་དོན་ཐག་གཅོད་པའི་འགོ་ཚུགས་ས་ཞིག་ཀྱང་ཡིན”ཞེས་པུ་ལུན་ཏེ་ཡིས་བརྗོད་པ་དང་། ཁོང་གིས། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲན་སློང་མང་པོ་འཕྲད་ཡོད་ཅིང་། མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་གཤིས་ནས་མིས་བཟོས་རིག་ནུས་བཅོས་སྐྱོང་བར་དང་ལྗང་མདོག་ཕྱོགས་སྒྱུར་ནས་རྩལ་ནུས་བསྐྱར་སྐྲུན་བར་རང་རྐྱ་འཕེར་བའི་ངང་་ཁ་གཏད་གཅོག་ཐུབ་མཁན་རྒྱལ་ཁབ་གཅིག་ཀྱང་མེད། གོ་ལ་ཧྲིལ་པོའི་རྒྱལ་ཁབ་གཙོ་བོ་ཁག་གིས་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐུན་མོང་གི་འགན་འཁྲི་འཁུར་བཞིན་ཡོད་ཅེས་བརྗོད་པ་རེད།

    “ཐོན་ལས་ཕྱོགས་སྒྱུར་དང་སྔོན་ཐོན་བཟོ་སྐྲུན་ནས་འགན་འཁུར་བའི་ལག་རྩལ་བཀོལ་སྤྱོད་དང་ལྗང་མདོག་ཕྱོགས་སྒྱུར་བར། ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཉམས་མྱོང་གལ་ཆེན་མཁོ་འདོན་བྱས་ཡོད”ཅེས་པུ་ལུན་ཏེ་ཡིས་བརྗོད་པ་དང་། ཁོང་གིས་2026ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་པའི་ལོ་ཡིན་པས། ཀྲུང་གོའི་གསར་གཏོད་ལ་སྐུལ་འདེད་དང་། ཐོན་ལས་རིམ་སྤོར། ནང་མཁོ་རྒྱ་སྐྱེད། དེ་བཞིན་རྒྱལ་སྤྱིའི་མཉམ་ལས་དང་ཚོང་དོན་ལ་སྐུལ་འདེད་སོགས་ཐད་ཀྱི་བྱ་ཐབས་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། སྐབས་འདིའི་ལོ་ཚོགས་ཐོག་ཀྲུང་གོ་དང་འབྲེལ་བ་ཡོད་པའི་སྐད་ཆ་ཤོད་རེས་གལ་ཆེན་རབ་དང་རིམ་པ་སྤེལ་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་དང་གོ་ལ་ཧྲིལ་པོའི་ཤུགས་རྐྱེན། བཟོ་སྐྲུན་ལས་རིགས་དང་མཁོ་སྤྲོད་འཁོར་འབྲེལ་ཕྱོགས་སྒྱུར། “མིས་བཟོས་རིག་ནུས་+”ཀྱིས་དངོས་ཚན་དཔལ་འབྱོར་ལ་མཐུན་རྐྱེན་སྦྱོར་བའི་ཐབས་ལམ། དེ་བཞིན་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བའི་གོ་ལ་ཧྲིལ་པོའི་ཁོར་ཡུག་ཁྲོད་མ་འཇོག་དང་ཁྲོམ་རའི་འབྲེལ་མཐུད་ཇི་ལྟར་རྒྱུན་འཁྱོངས་བྱ་རྒྱུ་བཅས་ལ་གྲོས་བསྡུར་བྱས་ཡོད་ཅེས་བརྗོད་པ་རེད།

    “ན་ནིང་གི་ཟླ་6པར་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྐབས་བཅུ་དྲུག་པའི་སྣེ་ཁྲིད་པ་གསར་པའི་ལོ་ཚོགས(དབྱར་དུས་ཀྱི་ཏ་ཝོ་སི་གླེང་སྟེགས)ཐེན་ཅིན་དུ་འཚོགས་པར་གོ་ལ་ཧྲིལ་པོ་རྒྱ་ཁྱབ་ངང་ཞུགས་པའི་ཡིད་དབང་བཀུག་པ་དེ་ལས་ཀྱང་ཕྱོགས་ཁག་གིས་ཀྲུང་གོ་དང་སྐད་ཆ་ཤོད་རེས་དང་། སྤེལ་རེས། མཉམ་ལས་བཅས་བྱ་རྒྱུའི་འདོད་བློ་དྲག་པོ་ཡོད་པ་གསལ་པོར་མཚོན་ཡོད”ཅེས་པུའུ་ལུན་ཏེ་ཡིས་བརྗོད་པ་དང་། ཁོང་གིས་གོ་ལ་ཧྲིལ་པོས་ཀྲུང་གོར་མུ་མཐུད་དོ་ཁུར་ཆེན་པོ་བྱེད་དོན་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཁྲོད་ཀྲུང་གོས་གནས་བབ་གལ་ཆེན་བཟུང་བས་ཡིན་ལ། ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་ལས་གོ་སྐབས་ཆེན་པོ་བྱུང་བས་ཀྱང་ཡིན་ཞེས་བརྗོད་པ་རེད།

    “ང་ཚོའི་དམིགས་ཚད་ནི་ཧེ་བག་མེད་པར་བཟོ་བ་མ་ཡིན་པར། སྐད་ཆ་ཤོད་རེས་བརྒྱུད་མི་མཐུན་པའི་ཆ་བསལ་བ་དང། ཡར་ཐོན་གྱི་འགོག་རྐྱེན་མེད་པ་བཟོ་རྒྱུ་དེ་ཡིན”ཞེས་པུ་ལུན་ཏེས་བརྗོད། ཁོང་གིས་། མིག་སྔར་རྒྱལ་སྤྱིའི་མཉམ་ལས་འགག་རྩའི་དུས་སྐབས་སུ་གནས་པ་དང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ཐོག་མི་མཐུན་པའི་ཆ་ལས་བརྒལ་ནས་དུས་ངལ་མཉམ་དུ་སེལ་བའི་དམིགས་བསལ་གྱི་ལས་སྟེགས་ཤིག་མཁོ་འདོན་བྱས་ཏེ། ཕྱོགས་ཁག་གིས་ཕན་ཚུན་ཉན་རེས་དང་། མཐོང་རྒྱ་ཡངས་སུ་གཏོང་བ། སྔར་ཡོད་འདུ་ཤེས་ལ་འགྲན་སློང་བཅས་བྱེད་པ་དང་འབྲེལ། ཐུན་མོང་གི་ངོས་འཛིན་དེ་དངོས་སྒྲུབ་མཉམ་ལས་སུ་སྒྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།