ཀྲུང་གོས་པོ་ཁི་ན་ཧྥ་སོ་ལ་འབྲུ་རིགས་རང་ཁ་རང་གསོ་ཐུབ་པར་རམ་འདེགས་བྱས་པ།
ཉེ་ཆར། པོ་ཁི་ན་ཧྥ་སོ་ཡི་ཙུང་ཐུང་དབྱི་པུའུ་ལཱ་ཤིན·ཐེ་ལཱ་ཨའོ་ལེ་ཡིས“2025ལོར་ང་ཚོས་གཞི་ནས་འབྲུ་རིགས་རང་ཁ་རང་གསོ་ཐུབ་སོང་། ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་པའི་སྣེ་ཁྲིད་འོག པོ་ཁི་ན་ཧྥ་སོ་རུ་རྒྱུད་འདྲེས་ཆུ་འབྲས་གཞི་ཁྱོན་ཆེན་པོས་ཁྱབ་གདལ་བཏང་ནས་བཏབ་པ་དང་ཐོན་འབབ་མཐོ་བའི་ཁྲེ་ལའང་ལོ་ལེགས་བྱུང་ཡོད། ཀྲུང་གོའི་ཞིང་ལས་ལག་རྩལ་དེ་ཉིད་པོ་ཁི་ན་ཧྥ་སོ་ཡི་འབྲུ་རིགས་བདེ་འཇགས་ཀྱི་འགན་སྲུང་གལ་ཆེན་ཞིག་ཏུ་གྱུར་ཡོད”ཅེས་བཤད། 2025ལོར། པོ་ཁི་ན་ཧྥ་སོ་ཡིས་ཐེངས་དང་པོར་རྒྱུད་འདྲེས་ཆུ་འབྲས་གཞི་ཁྱོན་ཆེན་པོས་བཏབ་པར་དཔེ་སྟོན་འདེབས་ཁྱོན་སྤྱི་ཆིང་95ཟིན་པ་དང་། ཆ་སྙོམས་སྤྱི་ཆིང་རེ་ནས་ཆུ་འབྲས་ཏུན་9ལྷག་ཙམ་ཐོན་པ་དེ་རྒྱལ་ཁབ་དེའི་སྤྱི་ཆིང་རེ་ནས་ཆུ་འབྲས་ཏུན་2.37ལྷག་ཙམ་ཐོན་པའི་ཆ་སྙོམས་ཆུ་ཚད་ལས་ལྡབ་ཀྱིས་མཐོ་བ་ཡོད་པ་རེད།
2018ལོ་ཚུན་དུ། ཀྲུང་གོས་པོ་ཁི་ན་ཧྥ་སོ་ལ་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་ཚོགས་པ་ཁག་ཐེངས་གསུམ་མངགས་ཤིང་། ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་འོག ས་གནས་དེ་གའི་ཆུ་འབྲས་ཀྱི་ཐོན་འབབ་རྒྱུན་མཐུད་འཕར་ནས་2017ལོའི་ཏུན་ཁྲི་32.5ནས་2023ལོའི་ཏུན་ཁྲི་50.4བར་འཕར་ཡོད། 2025ལོའི་ཟླ་3པར་ལག་ལེན་བསྟར་འགོ་ཚུགས་པའི་དུས་ཐེངས་གསུམ་པའི་ཞིང་ལས་རོགས་སྐྱོར་རྣམ་གྲངས་ནང་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱི་ཐོན་འབབ་མཐོ་བའི་ལག་རྩལ་དང་ཐོན་ལས་དབུལ་སྐྱོར་གྱི་ཉམས་མྱོང་གཙོ་གནད་ཐོག་ཁྱབ་གདལ་བཏང་བ་དང་། དཔེ་སྟོན་གྲོང་ཚོ་དང་སོན་གསར་འགྲེམས་སྟོན་ཁུལ་བསྐྲུན་ཏེ། པོ་ཁི་ན་ཧྥ་སོ་ཡི་འབྲུ་རིགས་བདེ་འཇགས་དང་གྲོང་གསེབ་ཀྱི་དབུལ་པོ་ཉུང་གཏོང་ལ་རོགས་རམ་བྱས་པ་རེད།
ནན་ཏོ་ཁུལ་ཆེན་པོའི་ནཱ་ལི་ཝུའུ་དཔེ་སྟོན་གྲོང་ཚོའི་མཉམ་ལས་ཁང་གི་ཀྲུའུ་ཞི་སཱ་ལཱ་མུའུ·ཐིང་ཅཱ་ཡིས“འདི་ནི་ངས་ཆུ་འབྲས་མགྱོགས་པོ་འདི་འདྲ་སྨིན་པ་མཐོང་ཐེངས་དང་པོ་ཡིན། འབྲས་སྙེ་ཧ་ཅང་ཆེན་པོ་འདུག ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་ས་ནས་སྦྱངས་པའི་ལྗང་འཛུགས་དང་ཆུ་འདྲེན་སོགས་ཀྱི་ཐབས་ཤེས་ཚང་མ་སྤྱོད་གོ་ཆེན་པོ་འདུག”ཅེས་བཤད།
རྒྱུད་འདྲེས་ཆུ་འབྲས་ཁྱབ་གདལ་བཏང་མ་ཐག་པའི་དུས་སུ། ས་གནས་དེ་གའི་ལག་རྩལ་པ་དང་འདེབས་འཛུགས་དུད་ཚང་གི་དོགས་འཆར་ལ་དམིགས་ཏེ། རིགས་གཅིག་མཁས་ཅན་ཚོགས་པས་ཆུ་འབྲས་སྣ་ཁ་3བདམས་ནས་པོ་ཁི་ན་ཧྥ་སོ་རྒྱལ་ཁབ་ཀྱི་ས་ཁོངས་ཚོད་ལྟའི་ནང་ཞུགས་ཤིང་། ཀྲུང་གོའི་འབྲས་སོན་གྱི་ཐོན་འབབ་དང་། འགོག་གཤིས། འབྲས་སྤུས་སོགས་ཐད་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས། ཐེངས་གཅིག་ལ་པོ་ཁི་ན་ཧྥ་སོ་རྒྱལ་ཁབ་ཀྱི་ཞིབ་བཤེར་གཏན་འཁེལ་ལོན་པ་རེད། དེ་རྗེས་རིགས་གཅིག་མཁས་ཅན་ཚོགས་པས“གནད་ཁྱོན་ཟུང་འབྲེལ”གྱི་བྱ་ཐབས་སྤྱད་དེ་དཔེ་སྟོན་གྲོང་ཚོ་གཉིས་སུ་གཞི་ཁྱོན་ཆེན་པོས་ཚོད་འདེབས་བྱས་ཏེ། རྒྱུད་འདྲེས་ཆུ་འབྲས་ཀྱི་ཐོན་འབབ་མཐོ་བའི་ལག་རྩལ་གཅིག་སྡུད་ཐོག་ཁྱབ་གདལ་བཏང་བ་དང་། དེ་དང་ཆབས་ཅིག་པོ་ཁི་ན་ཧྥ་སོ་རྒྱལ་ཡོངས་ཀྱི་ཁུལ་ཆེན་པོ་8དུ་ཀོང་སའི་འབྲས་ཞིང་སྤྱི་ཆིང་800གསར་སྤེལ་དང་མི་ཐེངས་6000ཙམ་ལ་ཞིང་ལས་ལག་རྩལ་གྱི་གསོ་སྦྱོང་བྱས་པ་རེད།
ཀྲུང་གོས་པོ་ཁི་ན་ཧྥ་སོ་ལ་རོགས་སྐྱོར་བྱེད་པའི་ཁྲེ་འདེབས་འཛུགས་དཔེ་སྟོན་ལག་རྩལ་རོགས་སྐྱོར་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ལ་ཡང་ལོ་ལེགས་བྱུང་ཞིང་། རྣམ་གྲངས་དེ་ལག་ལེན་བསྟར་ནས་ལོ་གཅིག་ལྷག་ཙམ་སོང་རིང་། ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་གྱིས་དཔེ་སྟོན་གྲོང་ཚོ་10ལ་ལག་རྩལ་སྣ་མང་མཛུབ་ཁྲིད་ཐེངས་260ལྷག་ཙམ་བྱས་པ་དང་མི་ཐེངས་7000ལྷག་ཙམ་ལ་གསོ་སྦྱོང་བྱས་ཏེ། ཉེ་འཁོར་གྱི་ཡུལ་མིར་ཐོན་འབབ་མཐོ་བའི་ཁྲེ་སྤྱི་ཆིང་ཁྲི་1.2ལྷག་ཙམ་འདེབས་འཛུགས་ཁྱབ་གདལ་གཏོང་བར་སྐུལ་ཁྲིད་བྱས་པ་རེད།
པོ་ཁི་ན་ཧྥ་སོ་ཡི་ཞིང་ལས་པུའི་དྲུང་ཆེ་སཱ་ནུའུ་ཡིས“ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་གྱིས་ཁྲེ་སྤུས་ལེགས་ཀྱི་སོན་སྣ་དང་ཐོན་འབབ་མཐོ་བའི་ལག་རྩལ་ཁྱེར་ཡོང་ནས། པོ་ཁི་ན་ཧྥ་སོའི་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་བཏང་ཡོད”ཅེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།