ཙམ་པབ་ཝེ་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་ཀྱིས་བརྗོད་དོན།
ཀྲུང་གོས་ཞིང་ལས་ཐོན་རྫས་ཞུགས་འཐུས་རྒྱ་སྐྱེད་བཏང་བས་ཙམ་པབ་ཝེའི་ཕྱིར་གཏོང་བྱེད་ཚད་འཕར་བར་སྐུལ་འདེད་ཐུབ་ཡོད།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ར་རེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཙམ་པབ་ཝེ་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2025ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་རིང་། ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཀྱིས་རྒྱལ་ཁབ་དེའི་ཕྱིར་གཏོང་བསྡོམས་འབོར་གྱི་16.9%བཟུང་ཡོད།
ཙམ་པབ་ཝེ་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཨེ་ལུན·མཱ་ཀྲུའུ་ལུའུ་ཡིས་གསལ་བསྒྲགས་ནང་། ཕྱོགས་གཉིས་པོའི་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། ཙམ་པབ་ཝེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ཚ་ལུ་མ་དང་མར་སིལ་ སོགས་ཞིང་ལས་ཐོན་རྫས་ཚོང་དོན་གྱི་འཕར་ཤུགས་ཆེ་ཙམ་ལྡན་ཡོད་ཅེས་བརྗོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཙམ་པབ་ཝེའི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་ཙམ་པབ་ཝེའི་ཚ་ལུ་མ་དང་། མར་སིལ། འབྲུ་སེའུ་སྔོན་པོ་སོགས་ཀྱི་ཞིང་ལས་ཐོན་རྫས་མང་པོ་ཞིག་ཀྲུང་གོའི་ཁྲོམ་རར་འདོན་པར་སྐུལ་འདེད་བཏང་བས། ཙམ་པབ་ཝེ་ཡིས་ཀྲུང་གོར་ཕྱིར་གཏོང་གི་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་ཡོད། མཱ་ཀྲུའུ་ལུའུ་ཡིས་ཀྲུང་གོས་ཙམ་པབ་ཝེའི་ཞིང་ལས་ཐོན་རྫས་ཞུགས་འཐུས་རྒྱ་སྐྱེད་བཏང་བའི་བྱ་ཐབས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁོས་གིས། ཀྲུང་གོའི་བྱ་ཐབས་ཀྱིས་ཙམ་པབ་ཝེའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་རྒྱ་ཆེ་རུ་གཏོང་བ་དང་། ཚད་ལྡན་མིན་པའི་ཚོང་དོན་ཉུང་དུ་གཏོང་བ། ས་གནས་དེ་གའི་ཞིང་པའི་ཡོང་འབབ་མཐོ་རུ་གཏོང་བ་བཅས་ལ་ཕན་པ་ཡོད་ཅེས་བརྗོད།
ཀྲུང་གོ་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པ་ལྟར་ན། 2024ལོར་ཀྲུང་གོ་དང་ཙམ་པབ་ཝེ་ཕྱོགས་གཉིས་ཀྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་38.02ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་23.9%འཕར་བ་དང་། དེའི་ནང་ཀྲུང་གོས་ཙམ་པབ་ཝེ་ནས་ནང་འདྲེན་བྱས་པའི་དངུལ་འབོར་ཨ་སྒོར་དུང་ཕྱུར་24.3ཟིན་པ་དེ་དུས་མཚུངས་ལས་46.2%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།