ལྕེ་ཐོག་གི་མངོན་མིན་རིག་གནས་ཤུལ་བཞག ཁྲོམ་གཞུང་གི་ཟས་རིགས་སྣ་བརྒྱའི་དྲི་ཞིམ།
ཟི་ལིང་གི་ཞ་ནན་ཀོན་ཁྲོམ་གཞུང་གི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཟིན་ཐོ་གསར་པ།
དགུན་གྱི་གྲང་ལྷགས་ཟི་ལིང་གི་ཁྲོམ་གཞུང་དང་སྲང་ལམ་གང་སར་ལྡང་ནའང་། ཞ་ནན་ཀོན་ཁྲོམ་གཞུང་གི་གཡོས་སྦྱོར་ལས་བྱུང་བའི་དྲོ་སོབ་སོབ་ཀྱི་རྣམ་པས་དེ་ལྟའི་གྲང་བའི་ཚོར་བ་དེ་མ་ཉིད་དུ་མེད་པར་གྱུར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་ཀྱི་རིང་ཚད་ལ་སྨི་400ལྷག་ཙམ་ཡོད་པའི་གནའ་བོའི་ཁྲོམ་གཞུང་རྙིང་པ་དེ་ད་ཆ་གང་སར་སྐད་གྲགས་ཆོད་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་དང་འགུག་མུས་ཡིན་པ་རེད།
ཟི་ལིང་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་ཤིང་། དེ་གར་རྒྱ་རིགས་དང་། ཧུད་རིགས། བོད་རིགས། ཧོར་རིགས། སོག་རིགས། ས་ལར་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱེད་ཀྱི་ཡོད། ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་སུ་གནས་པའི་ཞ་ནན་ཀོན་ཁྲོམ་གཞུང་ནི་དེ་སྔ་ཚོང་ཁང་གཅིག་སྡུད་ཀྱི་ལྟེ་བའི་སྡོད་ཁུལ་ཞིག་ཡིན་ཞིང་། ཉེ་འཁོར་དུ་གྲོང་མི་དང་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ་ཅུང་མང་བའི་རྐྱེན་གྱིས་རིམ་པས་འཁྲུག་ཆ་དོད་པའི་ཚོང་འདུས་ཁུལ་དུ་གྱུར་ནས་ད་བར་ལོ་ངོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།
“ཞ་ནན་ཀོན་ཁྲོམ་གཞུང་སྐད་གྲགས་ཆོད་པ་དེ་ནི་བལྟས་ཚོད་ལ་སྟེས་དབང་དུ་བྱུང་བ་ཞིག་ཏུ་སྣང་ཡང་། དོན་དུ་དེ་ནི་རིམ་པས་འཕེལ་རྒྱས་དང་གནད་སྨིན་ཇུས་འདོན་ལས་བྱུང་བའི་འབྲས་བུ་ཞིག་ཡིན”ཞེས་ཁྲོམ་གཞུང་རྙིང་པ་གནས་སའི་གྲོང་ཤར་ཆུས་དབྱི་སི་ལམ་ཁྲོམ་གཞུང་མཐུན་སྒྲིལ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཨན་ཡུང་ཆིང་གིས་བཤད་པ་དང་། ཁོང་གིས། ཉེ་བའི་ལོ་ཤས་རིང་། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་རྒྱུན་མཐུད་འཕེལ་ནས་ཚོང་པ་ཉི་ཚེ་བ་མང་པོས་རང་འགུལ་ངང་འདི་གར་ཁྲོམ་བཏོན་པས། གྲོང་ཤར་ཆུས་རིག་གནས་ལུས་རྩལ་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་གྱི་ཁྱད་ལྡན་ཞིམ་ཟས་ལ་མཐིལ་རྟོགས་གྲལ་བཤེར་བྱས་ཏེ། ཆ་རྐྱེན་འཛོམས་པའི་ཚོང་དུད་ལ་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་རེ་ཞུ་བྱས་པར་བརྟེན་ཁྲོམ་གཞུང་རྙིང་པ་འཁྲུག་ཆ་དོད་དུ་ཕྱིན་ཡོད་ཅེས་བཤད། 2024ལོར། གཡོས་སྦྱོར་ལས་བྱུང་བའི་དྲི་ཞིམ་དང་མཚོ་སྔོན་གྱི་ཞིམ་ཟས་རྣལ་མ་ལས་ཞ་ནན་ཀོན་ཁྲོམ་གཞུང་དྲ་ཐོག་ཏུ་སྐད་གྲགས་ཆོད་དེ། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་420ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ལྟེ་བའི་གྲོང་ཁྱེར་བཏོད་དེ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། འཕེལ་རྒྱས་ཀྱི་གོ་སྐབས་དང་བསྟུན་ནས་དབྱི་སི་ལམ་ཁྲོམ་གཞུང་དང་། སྡེ་ཁུལ། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་ཕྱོགས་གཅིག་ནས་ཞ་ནན་ཀོན་ཁྲོམ་གཞུང་དུ་ཁྲོམ་བཀྱག་དབྱེ་འབྱེད་ལུགས་མཐུན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཁྲོམ་གཞུང་འཕེལ་རྒྱས་ཀྱི་འཆར་གཞི་ཞིབ་ཚགས་བཀོད་དེ། མང་ཚོགས་དེ་བས་མང་བ་དྲ་བའི་རྒྱུགས་འབོར་ལ་བརྟེན་ནས་ཐག་ཉེ་སར་ལས་ཞུགས་ཐུབ་པར་བྱས་ཡོད།
མི་དང་རྒྱུགས་འབོར་གཉིས་ཀ་མགྱོགས་མྱུར་མང་དུ་སོང་སྟེ་ཞ་ནན་ཀོན་ཁྲོམ་གཞུང་བདེ་བླག་ངང་སྐད་གྲགས་ཆོད་ནས། ཕུགས་ནས་འཕེལ་རྒྱས་ཇི་ལྟར་གཏོང་རྒྱུ་དེ་ས་གནས་དེ་གའི་རྒྱུན་མཐུད་འཚོལ་ཞིབ་བྱེད་པའི་ཞིབ་འཇུག་བྱ་གཞིར་གྱུར་ཡོད། ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྡེ་ཚན་ཁག་གིས་མཁྲེགས་ཆས་དང་། རིག་གནས། ལས་རྣམ་སོགས་ལ་ཤུགས་བརྒྱབ་སྟེ། 2024ལོའི་ཟླ་12པར་ཁྲོམ་གཞུང་རྙིང་པར་ཨར་འདམ་ལམ་འདིང་བ་དང་མདོང་དྲ་སྒྱུར་བཀོད་སོགས་ཀྱི་ལས་གྲྭ་ལེགས་སྒྲུབ་བྱས་པ་དང་། གྲོང་དོན་སོགས་སྡེ་ཚན་གྱིས་ལས་དོན་ཆེད་སྒྲུབ་ཚན་ཁག་བཙུགས་ནས་ཁྲོམ་གཞུང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པར་རམ་འདེགས་བྱས་ཡོད། དེས་མི་ཚད་མི་རིགས་ཀྱི་རྒྱན་གོས་འགྲེམས་འཁྲབ་དང་དགུན་ཉི་ལྡོག་གི་དམངས་སྲོལ་ཉམས་ལེན་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་བྱེད་སྒོ་སྤེལ་བ་དང་ཆབས་ཅིག ཞིམ་ཟས་ཉམས་ལེན་ཁུལ་དང་ལོ་རྒྱུས་ཀྱི་རིག་གནས་ཐོན་ཁུངས་འགྲེམས་སྟོན་ཁུལ་སོགས་ཁྱད་ལྡན་ཁུལ་འཆར་འགོད་བྱས་ཏེ། རིག་གནས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་ཁྲོམ་གཞུང་ལ་གསོན་ཤུགས་འཕེལ་བར་བྱས་ཡོད། གཞན་ཡང་། ཆེད་ལས་དོ་དམ་ཚོགས་པ་གདན་དྲངས་ཏེ་ཚོང་དུད་འདྲ་མཚུངས་གཉེར་སྐྱོང་གི་དཀའ་གནད་བསལ་བ་དང་ལས་རྣམ་རིམ་པ་བཞིན་རིམ་སྤོར་ཐུབ་པར་སྐུལ་འདེད་བཏང་ཡོད།
ཁྲོམ་གཞུང་རྙིང་པར་ཚགས་ཤ་འཚོང་མཁན་ཞིག་གིས་མིག་མདུན་གྱི་གོ་སྐབས་དམ་པོར་བཟུང་སྟེ“ཚགས་ཤ་རྗེན་པ་ནས་བཙོས་མའི་བར་གཅིག་འཐུས་རྣམ་པའི་ཉམས་ལེན་ཁང”ཞིག་བཙུགས་པར་ཡུལ་སྐོར་བ་མང་པོ་བྲོ་བ་ལྟ་བར་ཡོང་གི་ཡོད་པ་རེད། “ཁྲོམ་གཞུང་རྙིང་པ་སྐད་གྲགས་ཆོད་པ་ནི་ང་ཚོའི་གཟི་བརྗིད་ཡིན། སླད་ཕྱིན་ཁྲོམ་གཞུང་འདི་སྐར་ཁུང་དུ་བྱས་ནས་མཚོ་སྔོན་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ས་མཐོ་ནས་ཕྱིར་བཙོངས་ཏེ་མི་དེ་བས་མང་བས་ཤེས་རྒྱུའི་རེ་བ་ཡོད”ཅེས་ཚོང་དུད་ཀྱི་འགན་འཁུར་བ་མཱ་ཧྥུའུ་ལུང་གིས་བཤད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔར་ཞ་ནན་ཀོན་ཁྲོམ་གཞུང་དུ་ཁྲོམ་བཀྱག་394བཙུགས་ཡོད་པ་དང་ཚོང་ཟོག་སྣ་ཁ་1000ལྷག་ཙམ་ཚོང་གཉེར་བྱས་ནས་རིམ་རྩིས་བརྒྱབ་ན་དུད་ཚང་210ཡི་མི་710ལས་ཞུགས་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།