ས་བབ་སྨི་4600ཡི་སར་བཞད་པའི“ཉི་ནུས་ཤེལ་ལེབ་མེ་ཏོག”
ས་བབ་སྨི་4600ཟིན་པའི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་དུ། དགུན་རླུང་མདའ་ལས་ཚ་ཞིང་དྲོད་ཚད་འཇལ་ཆས་ཀྱི་མདའ་མོ་ཡང་སྔ་ས་ནས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ཡི་ཚད་རྟགས་སུ་སླེབས་ཡོད།
བོད་ལྗོངས་གསར་སྤེལ་མ་འཇོག་ཨ་མདོ་ཐུག་ཧྲོམ་གྱི་འོད་དྲོད་100MWདང་འོད་ཤུགས་800MWགཞི་གཅིག་ཅན་གྱི་རྣམ་གྲངས་སྐྲུན་ཁུལ་དུ། ཕུར་འདེབས་འཕྲུལ་འཁོར་གྱིས་ལས་ཀ་རྒྱུན་མཐུད་བྱེད་བཞིན་ཡོད་ལ། ལྗིད་འདེགས་འཕྲུལ་འཁོར་གྱིས་ཀྱང་བར་སྣང་དུ་ལྷུ་ལག་འདེགས་སྒྲིག་བརྟན་པོ་བྱེད་བཞིན་མཆིས།
རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་48.7བཏང་ཞིང་། 2025ལོའི་ཟླ་12པའི་ཟླ་མཇུག་བར། ས་གནས་ས་ཐོག་ཏུ“ཉི་ནུས་ཤེལ་ལེབ”ཁྲི་གཅིག་ལྷག་ཙམ་སྒྲིག་སྦྱོར་བྱས་ཟིན། ཉི་ནུས་ཤེལ་ལེབ་དེ་དག་ལྷུག་པོར་བཞད་པའི“ཤེལ་ལེབ་མེ་ཏོག”ལྟར་དུ་སྣང་།
ཡིན་ནའང་། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ཡི་ས་རུ“ཉི་ནུས་ཤེལ་ལེབ་མེ་ཏོག”འཛུགས་པར་དཀའ་ཚེགས་ཆེན་པོ་ཡོད་པ་སྨོས་ཅི་དགོས། ཨར་འདམ་ལ་འཁྱགས་པ་ཐེབས་པ་དང་། ཚ་ལ་བརྟན་པོ་རྒྱག་དཀའ་བ། ཐ་ན་གཅུས་གཟེར་ཞིག་སྒྲིམ་པར་ཡང་ནམ་རྒྱུན་ལས་ཤུགས་ཆེ་བ་རྒྱག་དགོས་ཀྱི་ཡོད། བཟོ་པ་ཞིག་གིས“ཨར་འདམ་ལུགས་བརྒྱབ་རྗེས། ང་ཚོས་ལམ་སེང་དེ་ལ་གློག་དྲོད་ས་གདན་འདིང་བ་དང་ཕོ་ཁེབས་མཐུག་པོ་གཡོག་དགོས་མ་ཟད། ད་དུང་ཆུ་ཚོད་གཉིས་ལ་ཐེངས་རེ་ལྟ་བར་ཡོང་ནས། ཨར་སྐྲུན་གྱི་སྤུས་ཚད་ལ་གནམ་གཤིས་གྲང་མོའི་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱེད་དགོས”ཞེས་འཁྱགས་ནས་དམར་པོར་གྱུར་པའི་ལག་པར་འཕུར་འཕུར་གཏོང་བཞིན་བརྗོད།
མིག་སྔར། ལས་གྲྭ་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་སྟེ། དྲོད་ལེན་མཐོ་ལྕོག་གི་སྨི་185མན་གྱི་ཆ་ཤས་སུ་ཨར་འདམ་ལུགས་བརྒྱབ་ཟིན་པ་དང་། བཟོ་ཁང་ཨ་མ་རགས་ཙམ་བསྐྲུན་ཟིན་པ། ཤེལ་ལེབ་སྒྲིག་ཁུལ་སྤྱིའི་ཆ་ནས་ལས་མཇུག་འགྲིལ་ཏེ་ཉི་ནུས་ཤེལ་ལེབ་སྒྲིག་སྦྱོར་བྱེད་ཚད་70%ཟིན་ཡོད་པ་རེད།
རྣམ་གྲངས་ཀྱི་ཅིང་ལི་ཧྲེན་ཡཱ་ཅུན་གྱིས་ངོ་སྤྲོད་བྱས་དོན། མིག་སྔར། ཚོགས་པ་ཡོངས་ཀྱིས་སེམས་ནུས་གཅིག་སྒྲིལ་གྱིས་འཆར་གཞི་ལྟར་ལས་གྲྭར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད། ཁོང་གིས“བཟོ་པ་ཚོས་གྲང་ངར་ལ་མ་འཛེམས་པར་ལས་གནས་བརྟན་སྲུང་བྱེད་པ་མཐོང་དུས་སེམས་གཏིང་ནས་སྤོབས་པ་སྐྱེ་གི་འདུག དེ་ནི་རྣམ་གྲངས་ཤིག་འཛུགས་སྐྲུན་བྱས་པ་ཙམ་མིན་པར། གངས་ལྗོངས་ས་མཐོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བ་ཞིག་དེ་བས་ཀྱང་ཡིན”ཞེས་བརྗོད།
སླད་ཕྱིན་གྱི་ཟླ་བ་གཅིག་རིང་། ཁོང་ཚོས་སྔོན་ཚུད་ནས་འཆར་གཞི་ཚགས་ཚུད་པོ་བཀོད་ཡོད་ཅིང་། འཆར་གཞིའི་ནང་། བཟོ་ཁང་ཨ་མའི་ངར་ལྕགས་སྒྲོམ་གཞི་ཚང་མ་སྒྲིག་སྦྱོར་ཐུབ་པ་བྱ་རྒྱུ་དང་། ཉི་ནུས་ཤེལ་ལེབ་སྒྲིག་སྦྱོར་འཁོར་ཁང་གིས་ཉི་ནུས་ཤེལ་ལེབ་1000ཐོན་སྐྱེད་བྱ་རྒྱུ། དྲོད་སྡུད་ཤེལ་ལེབ་སྒྲིག་ཡུལ་དུ་ཤེལ་ལེབ་1000སྒྲིག་སྦྱོར་བྱ་རྒྱུ། དྲོད་ལེན་མཐོ་ལྕོག་གི་ངར་ལྕགས་སྒྲོམ་གཞི་སྒྲིག་སྦྱོར་བྱེད་ཚད་20%ཟིན་པ་བྱ་རྒྱུ་སོགས་ཚུད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།