དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གངས་ལྗོངས་ས་མཐོའི་སྨན་བཅོས་ལག་རྩལ་དེ་བས་ལེགས་སུ་ཕྱིན་པ།

    སྣ་དཀར་རྩེ་རྫོང་སྨན་རྩིས་ཁང་གིས་མང་ཚོགས་ཀྱི་བདེ་ཐང་བསྲུངས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-23

    ཆ་སྙོམས་ས་བབ་སྨི་4500ལས་བརྒལ་བའི་སྣ་དཀར་རྩེ་རྫོང་དུ་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་མ་ཟད། བཅོས་དཀའ་བའི་ནད་ཞིག་གིས་ས་གནས་དེ་གའི་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་གཏོང་བཞིན་ཡོད་ཅིང་། ནད་གཞི་དེས་རྐྱེན་པས་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་མང་པོ་སྡུག་བསྔལ་གྱི་གནས་སུ་གྱར་བ་མ་ཟད། ཐ་ན་དེ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འགོག་རྐྱེན་ཞིག་ཏུའང་འགྱུར་ཉེན་ཆེན་པོ་ཡོད།

    ནད་གཞི་དེ་ནི་གྲུམ་ནད་རེད།

    སྨན་བཅོས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་དང་དམངས་ཕན་སྲིད་ཇུས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བའི་དེང་གི་དུས་འདིར། མི་རིགས་ཁག་གི་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་དང་དཔལ་འབྱོར་ཐད་འགན་སྲུང་གང་ལེགས་ཐུབ་ཡོད། སྣ་དཀར་རྩེ་རྫོང་སྨན་རྩིས་ཁང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་སྲུང་རྒྱུ་རང་འགན་དུ་བརྩིས་ནས། གནའ་བོའི་བོད་ཀྱི་གསོ་བ་རིག་པའི་བློ་གྲོས་རྒྱུན་འཛིན་དང་དེང་རབས་ཀྱི་སྨན་བཅོས་འདུ་ཤེས་དང་ཟུང་འབྲེལ་བྱས་ཏེ། གྲུམ་ནད་འགོག་བཅོས་ཁྱབ་ཁོངས་སུ་འབད་བརྩོན་ཧུར་ཐག་བྱས་པས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས་ཚན་ཁག་འཕེལ་རྒྱས་གཏོང་བའི་ལམ་བུ་ཞིག་བཏོད་ཐུབ་ཡོད།

    དབང་ཕྱུག་ནི་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་ཡུལ་མི་ཞིག་ཡིན་ཞིང་། དེ་སྔོན་ས་ཆ་མང་པོ་ཞིག་ཏུ་སྨན་བཅོས་བྱེད་པར་བསྐྱོད་ཀྱང་ནད་བཅོས་མ་ཐུབ་སྟབས། དྲག་སྐྱེད་ཡོང་བའི་རེ་བ་རྟ་རྔ་ཙམ་ཞིག་བཅངས་ཏེ། ཕ་ཡུལ་དུ་ལོག་ནས་སྣ་དཀར་རྩེ་རྫོང་སྨན་རྩིས་ཁང་དུ་སྨན་བཅོས་བྱས་པ་རེད།

    དབང་ཕྱུག་ལ་ནད་གཞི་ལྟ་མཁན་ནི་ནད་ཐོག་སྨན་བཅོས་ལ་གཞོལ་ནས་ལོ་20ལྷག་ཙམ་སོང་བའི་གྲུམ་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་དང་སྨན་པ་བཀའ་བཅུ་པ་སྟོབས་རྒྱལ་རེད། “སྨན་པས་དེ་སྔ་ང་ལ་རྐང་པ་གཅོད་དགོས་པའི་གྲོས་འགོ་བཏོན་བྱུང་། འོན་ཀྱང་། གལ་ཏེ་རྐང་པ་མེད་ཚེ། ང་ནི་ཁྱིམ་གྱི་ཁུར་པོ་ཞིག་ཏུ་གྱུར་ནས་འཚོ་བ་སྐྱེལ་ཐབས་བྲལ་ངེས་རེད”ཅེས་དབང་ཕྱུག་གིས་སྨན་པ་སྟོབས་རྒྱལ་ལ་སེམས་སྡུག་ཆེན་པོས་བཤད།

    “གལ་ཏེ་ངེས་པར་དུ་རྐང་པ་གཅོད་དགོས་ཚེ་ཁྱིམ་ཚང་འདི་རྒུད་རྒྱུ་ཉག་གཅིག་ཡིན་སྟབས། ཁོང་གི་རྐང་པ་གཅོད་མི་དགོས་པ་བྱེད་རྒྱུར”སྟོབས་རྒྱལ་གྱིས་སེམས་ཐག་བཅད། སྟོབས་རྒྱལ་གྱིས《རྒྱུད་བཞིའི》ནང་དོན་ཁོང་དུ་ཆུད་ཀྱི་ཡོད་ལ། ཁོང་ནི་ནད་པ་དང་ལོ་མང་འབྲེལ་འདྲིས་བྱས་པའི་སྨན་པ་ཞིག་ཡིན་པས། ནད་པར་བསམ་ཤེས་གང་ཐུབ་བྱེད་ཀྱི་ཡོད།

    མཐར་སྟོབས་རྒྱལ་གྱིས་ནད་པའི་གཟུགས་པོའི་གནས་ཚུལ་དང་ཁྱིམ་ཚང་གི་དོན་དངོས་ལ་གཞིགས་ནས“ཕྱི་ནང་ཟུང་འབྲེལ་གྱི་སྨན་བཅོས་དང་ཕྱོགས་བསྡུས་གསོ་སྐྱོང”གི་ཇུས་གཞི་ཞིག་བཟོས་པ་རེད།

    སྨན་བཅོས་བྱེད་རིང་། དབང་ཕྱུག་གི་སེམས་ཁྲལ་སེལ་ཆེད་སྨན་དོན་པས་ཉིན་ལྟར་ཁོང་དང་ཅི་འཕྲོས་མོལ་འཕྲོས་ཤོར་ཞོར་ཁོང་ལ་དོ་སྣང་བྱེད་དགོས་པའི་དོན་ཚན་བརྗོད་ཀྱི་ཡོད། ཁོང་གི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པ་ཤེས་སྟབས། ཁོང་ལ་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་པར་ཁ་ཕྱོགས་པའི་ནད་ཆེན་ཆེད་དོན་སྐྱོབ་བཅོས་སྲིད་ཇུས་ཀྱི་སྐོར་འགྲེལ་བཤད་བརྒྱབ་པ་མ་ཟད། རང་འགུལ་ངང་སྲིད་ཇུས་ཀྱི་འབྲེལ་ཡོད་རོགས་སྐྱོབ་རེ་ཞུ་བྱེད་རོགས་བྱས།

    ཟླ་བ་གཅིག་ལྷག་ཙམ་སོང་རྗེས། དབང་ཕྱུག་གི་རྐམ་པ་རིམ་བཞིན་གཞོམ་པ་དང་ན་ཟུག་ཀྱང་ཆུང་དུ་ཕྱིན་པ་མ་ཟད། རྨ་ཁ་ཡང་རིམ་བཞིན་སོས་ཡོད།

    དབང་ཕྱུག་གིས་འཁར་རྒྱུག་མི་དགོས་པར་ཡར་ལངས་ཐུབ་པ་མ་ཟད་གོམ་པ་སྤོ་ཐུབ་པའི་སྐབས་དེར། ཁོང་རང་དབང་མེད་པར་མིག་ཆུ་ཤོར། ཁོང་གིས་སྟོབས་རྒྱལ་གྱི་ལག་པ་ནས་དམ་པོར་བཟུང་ནས“སྨན་རྩིས་ཁང་གིས་ངའི་རྐང་པར་སྨན་བཅོས་བྱས་པས་ངའི་ཁྱིམ་ཚང་གི་ཁུར་པོའང་ཡང་དུ་ཕྱིན་སོང་། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་ངས་སྒོ་རྩ་ནས་སྨན་བཅོས་ཞབས་ཞུ་ཡག་པོ་འདི་འདྲ་ལོངས་སུ་སྤྱོད་ཐུབ་བྱུང”ཞེས་ཡང་ཡང་བཤད།

    ནད་པ་དེ་བས་མང་བ་ནད་ལས་ཐར་ཆེད། གོང་རིམ་སྨན་བཅོས་དོ་དམ་སྡེ་ཚན་གྱི་རྒྱབ་སྐྱོར་འོག སྣ་དཀར་རྩེ་རྫོང་སྨན་རྩིས་ཁང་གིས་ཕྱོགས་གཅིག་ནས་ལྗོངས་ཕྱི་ནང་གི་བོད་ཀྱི་གསོ་བ་རིག་པའི་རིགས་གཅིག་མཁས་ཅན་གདན་འདྲེན་ཞུས་ནས་སྨན་བཅོས་བྱེད་སྟངས་སློབ་ཁྲིད་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རྐང་འཛིན་སྨན་པ་བཀའ་བཅུ་པ་རྣམས་ཟབ་སྦྱོང་དང་སློབ་སྦྱོང་བྱེད་པར་མངགས་པ་རེད། ལོ་མང་རིང་རྒྱུན་འཁྱོངས་བྱས་པ་བརྒྱུད། སྟོབས་རྒྱལ་ལྟ་བུའི་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་ཐུབ་ཡོད།

    ཉེ་བའི་ལོ་གསུམ་རིང་། ཚན་ཁག་གིས་ཁྱོན་གྲུམ་ནད་ཕོག་པའི་ནད་པ་མི་ཐེངས་380ལྷག་ཙམ་ལ་སྨན་བཅོས་བྱས་པའི་ནང་གྲུམ་བུ་དང་སྒལ་ཚིགས་འབུར་བ་སོགས་ཀྱི་ནད་པ་མང་པོ་ཞིག་ཚུད་པ་དང་། སྨན་བཅོས་ལམ་ལྷོངས་བྱུང་ཚད་95%ཡན་ཟིན་ཡོད་པ་རེད།

    2025ལོའི་ལོ་མཇུག་ཏུ། སྣ་དཀར་རྩེ་རྫོང་སྨན་རྩིས་ཁང་གི་གྲུམ་ནད་ཚན་ཁག་དེ་ཉིད་སྨན་བཅོས་དོ་དམ་ལས་ཁུངས་ཀྱི་ཞིབ་དཔྱད་ལོན་ནས་གྲོང་ཁྱེར་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག་ཏུ་གྱུར་ཡོད། གྲུམ་ནད་ཕོག་ཚེ་སྣ་དཀར་རྩེ་རྫོང་ཉེ་འཁོར་གྱི་མང་ཚོགས་རྣམས་གཞན་ལ་སྨན་བཅོས་བྱེད་པར་འགྲོ་མི་དགོས་པར་སྒོ་རྩ་ནས་ཆེད་ལས་ཀྱི་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལོངས་སྤྱོད་ཐུབ་ཀྱི་ཡོད་པ་རེད།

    ལོ་ངོ་སྟོང་གི་བོད་ཀྱི་གསོ་བ་རིག་པའི་བློ་གྲོས་དང་དེང་རབས་ཀྱི་སྨན་བཅོས་འདུ་ཤེས་མཉམ་འདྲེས་བྱས་པ་ལས་ས་མཐོའི་མང་ཚོགས་ལ་དཀའ་ངལ་བཟོ་བའི་བཅོས་དཀའ་བའི་ནད་གཞི་སྨན་བཅོས་གང་ལེགས་ཐུབ་པ་མ་ཟད། དེ་བས་སེམས་རྩ་འཁོལ་བའི་ཞབས་ཞུར་བརྟེན་ནས་ཏང་སེམས་དང་དམངས་སེམས་ཀྱང་གཅིག་ཏུ་བསྒྲིལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།