ལོ་རྒྱུས་ཀྱི་ཚད་བརྒལ་བྱུང་བ།
2025ལོའི་བོད་ཀྱི་དཔལ་འབྱོར་གྱི་སྤྱི་འབོར་སྒོར་དུང་ཕྱུར་3000ཟིན་ནས་སྐས་རིམ་གསར་པར་སླེབས་པ།

འདི་ནི་ལྷ་ཉིང་ལྕགས་ལམ་དུ་སྐྱོད་བཞིན་པའི་མེ་འཁོར་K6834ཡིན་པ། (དཔྱད་གཞིའི་པར་རིས)
“2025ལོའི་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3000ལས་བརྒལ་ཡོད”ཅེས་པའི་ཟླ་1ཚེས་21ཉིན་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ལས་མངོན་པའི་གྲངས་གཞི་དེས། བོད་ཀྱི་དཔལ་འབྱོར་གྱི་སྤྱི་འབོར་སྒོར་དུང་ཕྱུར་3000གི་འགག་སྒོ་ཆེན་པོ་ལས་སྒྲོལ་བའི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་མཚོན་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”མཇུག་འགྲིལ་བ་དང“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་མཚམས་ཚིགས་གལ་ཆེན་དེར། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཆོང་སྐྱོད་ཆེན་པོ་བྱུང་ནས་ལམ་ཚད་རྡོ་རིང་གསར་པ་ཞིག་བསླངས་ཡོད།
གྲངས་གཞི་ལས་མངོན་པར་གཞིགས་ན། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་2015ལོའི་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཆིག་སྟོང་ཐེངས་དང་པོ་ཟིན་པར་ལོ་50འགོར་བ་དང་། 2021ལོར་སྒོར་དུང་ཕྱུར་2000ཟིན་པར་ལོ་6ལས་འགོར་མེད་ལ། ད་ཆ་ལོ་4ལས་མ་འགོར་བར་སླར་ཡང་སྒོར་དུང་ཕྱུར་ཆིག་སྟོང་ཟིན་པའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། གོམ་ཞེང་དེ་བས་ཆེ་ཞིང་དུས་ཚོད་དེ་བས་ཐུང་བའི་ཐོག་ནས་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་དུས་ཚོད་ཡག་ཤོས་སུ་སླེབས་ཏེ། མགྱོགས་ལམ་དུ་བསྐྱོད་ནས་མྱུར་ཚད་མགྱོགས་སུ་ཕྱིན་ཡོད།
“རྙོག་འཛིང་ཆེ་བའི་ཕྱི་ནང་གི་ཁོར་ཡུག་མདུན་དུ་བོད་ལ‘གྲུབ་འབྲས’ལྗིད་ཏིག་ཏིག་ཞིག་ཐོབ་ཡོད”ཅེས་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་ཐེན་ཀོང་ཧྭ་ཡིས་དབྱེ་ཞིབ་བྱས་ནས་བཤད་པ་དང་། ཁོང་གིས་བོད་ཀྱི་དཔལ་འབྱོར་སྟོན་གྲངས་གཙོ་བོའི་འཕར་ཚད་ལོ་འགའ་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ལ། ད་ཐེངས་ཀྱི“འགག་རྩའི་མཆོང་སྐྱོད”འདི་ལས་བོད་ཀྱི་དཔལ་འབྱོར་འདི་ཉིད་དཔལ་འབྱོར་གྱི་གཞི་ཁྱོན་དང་། དཔལ་འབྱོར་གྱི་སྤུས་ཚད། དཔལ་འབྱོར་གྱི་ཕན་འབྲས་བཅས་དུས་མཉམ་དུ་མཐོ་རུ་སོང་བའི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཏེ། དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་དང་ཧེ་བག་རིམ་བཞིན་ཆུང་དུ་སོང་ནས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་ཚད་ཕྱོགས་སུ་བསྐྱོད་རྒྱུར་བར་ཐག་དེ་བས་ཉེ་རུ་ཕྱིན་ཡོད་ཅེས་བཤད།
གངས་ལྗོངས་ས་མཐོར་ལྟ་སྐབས། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཆུ་ཤུགས་གློག་ཁང་ལས་གྲྭ་དང་། སི་བོད་ལྕགས་ལམ། བོད་དང་ཀོང་ཏུང་གི་ཐད་རྒྱུག་ལས་གྲྭ་སོགས་རྣམ་གྲངས་གལ་ཆེན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་མ་ཟད། ནུས་རྒྱུ་གཙང་མའི་འཕྲུལ་ཚན་སྒྲིག་སྦྱོར་ལས་གློག་གཏོང་ཚད་ཆན་ཝ་ཁྲི་1300ལྷག་ཙམ་ཟིན་པ་དང་། ས་མཐོའི་མཛེས་མཐུན་གྲོང་གསེབ་1000སྐྲུན་པ་སོགས་ཀྱིས་སྒོར་དུང་ཕྱུར་3000ཟིན་པའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ། འགོ་འཛུགས་ས་གསར་པའི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གདེང་ཚོད་དེ་བས་ཆེ་རུ་སོང་བ་དང་། རྨང་གཞི་དེ་བས་བརྟན་དུ་ཕྱིན་པ། ཡིད་ཆེས་དེ་བས་ཆེ་རུ་སོང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།