གཏིང་སྐྱེས་རྫོང་ཆབ་ཤང་རྒྱ་སྟོད་གྲོང་ཚོའི་མང་ཚོགས་སྡོད་ཁང་གསར་པར་ལོ་གསར་བཏང་བ།
པར་རིས་ལས་གྲོང་མི་ཚོའི་བདེ་སྐྱིད་འཚོ་བ་མངོན་པ།
གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཆབ་ཤང་རྒྱ་སྟོད་གྲོང་ཚོ་ནི་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་རྗེས་ཀྱི་གེགས་རྗེས་བསྐྱར་སྐྲུན་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་ས་བབ་སྨི་4300ཡོད།
གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་མི་བསོད་ནམས་ཀྱི་ཁྱིམ་དུ་བཅར་འདྲི་བྱེད་སྐབས། ཆ་སྒམ་ཐོག་བཞག་པའི་པར་ཞིག་ལ་དོ་སྣང་བྱུང་ཞིང་། པར་དེ་ནི་བསྐྱར་པར་བརྒྱབ་པའི་ཐོབ་ཐང་ལག་ཁྱེར་གྱི་པར་ཚོན་ཁྲ་ཅན་ཞིག་རེད་འདུག སྐད་ཆ་དྲིས་པ་ལས་ཤེས་གསལ། ལོ་ལྔ་བཅུ་ལྷག་ཙམ་ལ་སླེབས་པའི་སྐྱེས་པ་དེས་ལོ་འགའི་སྔོན་དུ་ཐོབ་ཐང་ལག་ཁྱེར་གྱི་པར་བརྒྱབ་པ་ནས་བཟུང་ད་བར་པར་གཞན་རྒྱག་མྱོང་མེད་པ་རེད།
རྒྱ་སྟོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་ཀྱིས“གྲོང་ཚོའི་རྒན་རྒོན་ཚང་མ་དེ་འདྲ་རེད། ཐོབ་ཐང་ལག་ཁྱེར་གྱི་པར་མ་གཏོགས་པར་གཞན་མེད”ཅེས་ངོ་སྤྲོད་བྱས།
དེ་ལྟར་ངོ་སྤྲོད་བྱས་པ་ལས། གྲོང་སྡོད་ལས་དོན་རུ་ཁག་གིས་གཞིས་རྩེའི་སོ་ནམ་ལོ་གསར་ལ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་སྒྲིག་འཛུགས་བྱས་ནས་ནང་མི་མཉམ་འཛོམས་ཀྱི་པར་རྒྱག་པའི་བྱེད་སྒོ་སྤེལ་རྒྱུའི་འཆར་གཞི་བཀོད།
པར་རྒྱག་པའི་ཉིན་དེར། ཉི་མ་དྲོ་ལ་ནམ་མཁའ་སྔོ་ཐིང་ཐིང་ཡིན་པ་དང་། གྲོང་ཚོའི་ཕོ་མོ་རྒན་གཞོན་ཚོས་གཟབ་མཆོར་ལེགས་པར་སྤྲས་པ་དང་བུད་མེད་ཚོས་གཡུ་དང་བྱུ་རུ་སོགས་ཀྱི་རྒྱན་ཆ་བཏགས་ནས་པར་རྒྱག་པར་ཡོང་།
པར་མ་བརྒྱབ་གོང་། བསོད་ནམས་ཀྱིས་དངངས་སྐྲག་ཅུང་ཟད་དང་བཅས་ཏེ་ཕྱུ་པའི་བཟོ་ལྟ་བཟོ་སྐྱོར་བྱས་པ་དང་། པར་རྒྱག་སྐབས་གདོང་ནས་འཛུམ་མདངས་ཕྱུང་།
ཉིན་ཁ་ཤས་ལས་མ་འགོར་བར་པར་བཏོན་ཟིན་ནས་པར་སྒྲོམ་ནང་བླུགས་ཏེ་གྲོང་མི་ཚོར་སྤྲད་ཆོག་ཆོག་བཟོས།
གྲོང་ཚོའི་དུད་ཚང་33གྱི་གྲོང་མིའི་མཉམ་པར་གྲོང་ཚོ་ཨུ་ལྷན་གྱི་མངོན་ཆེ་སར་བཀལ་བ་དང་། རྒྱབ་ལྗོངས་བརྙན་ཤེལ་ནས“གྲོང་མི་རྣམས་ཀུན་སེམས་གཅིག་འབྲེལ་གྱིས་སེམས་ཤུགས་གཅིག་ཏུ་སྒྲིམ”ཞེས་པའི་ཡི་གེ་གསལ་ལེར་མངོན་བཞིན་འདུག
ནང་མིའི་མཉམ་པར་དུད་ཚང་རེ་རེ་བཞིན་བསྐྱལ་བ་དང་། མི་སྒེར་གྱི་ཕྱེད་པར་གྲོང་མི་སོ་སོར་སྤྲད།
གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་འཛོམས་པས“སོ་སོའི་པར་མཐོང་རྗེས་རྒན་རྒོན་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག རྒན་རྒོན་ལ་ལས་པར་ཐག་རིང་གི་ཕྲུ་གུར་བསྐུར་གྱི་ཡིན་ཞེས་ཤོད་པ་དང་། ཡང་ལ་ལས་ཚ་བོ་ཚ་མོར་བཞག་ནས་རང་ཉིད་ཀྱི་སྤོ་བོ་དང་རྨོ་བོ་སེམས་ལ་ངེས་སུ་འཇུག་གི་ཡིན་ཞེས་ཤོད་ཀྱི་འདུག”ཅེས་བརྗོད།
ཐོབ་ཐང་ལག་ཁྱེར་གྱི་བསྐྱར་པར་གཅིག་ནས་ནང་མིའི་མཉམ་པར་ཆ་ཚང་གཅིག་གི་བར་ལས་ས་མཐོའི་གྲོང་གསེབ་ཀྱི་འགྱུར་ལྡོག་མངོན། རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་དང་སྡོད་ཁང་གི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ་དང་བསྟུན་ནས་གྲོང་མི་ཚོའི་འཚོ་བའི་ཆ་རྐྱེན་དང་ཁོར་ཡུག་ལའང་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་འགྲོ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།