“ལོ་ལྔ་ཚན་བཅོ་ལྔ་པའི”འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་དང་། གཏིང་ཟབ། ཡང་དག་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འཐབ་ཇུས་བཀོད་སྒྲིག་བྱས་ཡོད་པས་ཕྱོགས་ཡོངས་དང་། གཏིང་ཟབ། ཡང་དག་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས”ཞེས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱེད་པའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དང་། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་འགྱུར་ལྡོག་ཁོང་དུ་ཡང་དག་ཆུད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་ལ་གསལ་བཤད་གཏིང་ཟབ་བསྐྱོན་པ་རེད།
དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་ཡིན་ཞིང་། དེ་ཉིད“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཐབ་ཇུས་ཀྱི་ལས་འགན་ཁག་གི་ཨང་དང་པོར་བཞག་པ་དེ་ནི་ཏང་ཀྲུང་དབྱང་གིས་བསམ་བློ་ཞིབ་ཅིང་ཕྲ་བ་བཏང་བའི་འཐབ་ཇུས་ཀྱི་བསམ་གཞིག་ཅིག་རེད། ཚང་འཛོམས་གྲོས་ཚོགས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ཕྱོགས་ཡོངས་དང་། གཏིང་ཟབ། ཡང་དག་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་ཇི་ལྟར་བྱེད་དགོས་སམ་ཞེ་ན། དེ་ཉིད་དཔེར་བཞག་ནས་གསལ་འགྲེལ་བྱེད་ཆོག་པ་སྟེ།
འཕེལ་ཕྱོགས་ཆེན་པོར་བལྟས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། 2025ལོར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ལོ་16བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་རྒྱུན་འཁྱོངས་ཐུབ་རེ་ཡོད་པ་དང་། གཞི་ཁྱོན་ཆེ་བའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་9.2%དང་9.4%སོ་སོར་འཕར་བ། མི་ཐབས་རིག་ནུས་དང་། སྐྱེ་དངོས་སྨན་རྫས། འཕྲུལ་མི་སོགས་ཞིབ་སྤེལ་བཀོལ་སྤྱོད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཀྱི་ཡོད། དངོས་ཚན་དཔལ་འབྱོར་སྟོབས་ཆེ་བ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལེགས་ཆ་དང་རྩ་བ་ཡིན་པ་ལག་ལེན་ལས་ར་འཕྲོད་བྱས་ཡོད། ལོ་འདི་དག་རིང་རང་རྒྱལ་གྱི་དཔལ་འབྱོར་རླུང་བརྟེན་རླབས་གཤག་གིས་མཉེན་ཆ་དང་གསོན་ཤུགས་ཆེན་པོ་རྒྱུན་འཁྱོངས་ཐུབ་པའི་འཐབ་ཇུས་ཀྱི་བརྟེན་ས་ནི་ཆ་ཚང་བའི་ཐོན་ལས་མ་ལག་རེད།
འཕེལ་རྒྱས་ཀྱི་སྤྱི་ཡོངས་ནས་བལྟས་ན། མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ཐད་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་སློང་མཉམ་དུ་གནས་ཤིང་། གཏན་འཁེལ་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད་པ་དང་། མི་ཐབས་རིག་ནུས་མཚོན་བྱེད་དུ་བྱས་པའི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ཚད་བརྒལ་མགྱོགས་སུ་འགྲོ་བཞིན་ཡོད། དེས་ན་དུས་བབ་ཇི་ཙམ་རྙོག་འཛིང་དང་འགྱུར་ལྡོག་ཆེ་ན་དེ་ཙམ་གྱིས་དངོས་ཚན་དཔལ་འབྱོར་གྱི་རྩ་བ་འདི་བརྟན་པོ་སྲུང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་མགྱོགས་པོ་བྱེད་དགོས། “ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་དངོས་པོའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས”ཞེས་དང“ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་འཐབ་ཇུས་ཀྱི་རང་འགུལ་ཐོབ་པར་བྱེད་དགོས”ཞེས་པའི་སྤྱི་ཡོངས་ཀྱི་མིག་རྒྱང་ནས་དེའི་ངེས་གནས་ལ་བསམ་བློ་བཏང་ཚེ་ཏང་ཀྲུང་དབྱང་གིས་ཐབས་ཇུས་འགོད་དོན་དང་བཀོད་སྒྲིག་གི་ཐོག་མའི་བསམ་འདུན་ལ་གོ་བ་གཏིང་ཟབ་ལེན་ཐུབ།
དེ་ཕྱིར། “ཕྱོགས་ཡོངས”ཞེས་པ་ནི་སྤྱི་ཡོངས་ཀྱི་མིག་རྒྱང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་བླངས་ཏེ་བཀོད་སྒྲིག་ཁག་སྤྱི་ཡོངས་ལ་བརྩིས་ནས་ཁོང་དུ་ཆུད་པར་བྱེད་པ་དེ་ཡིན། ང་ཚོས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་དང་། དུས་བབ། མཛུབ་ཁྲིད་ཀྱི་དགོངས་པ། རྩ་དོན་གལ་ཆེན། དམིགས་ཚད་ལས་འགན། སྲིད་ཇུས་བྱེད་ཐབས་སོགས་ལ་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་ལས་དོན་ཁག་ཇུས་འགོད་དང་སྐུལ་འདེད་གཏོང་དགོས་པ་ལས། གཡས་ཟིན་གཡོན་ཤོར་བྱེད་མི་རུང་ལ། ལུང་ཚིག་ལོག་འདྲེན་དེ་བས་ཀྱང་བྱེད་མི་རུང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་གི་ནང་དོན་གང་ཡིན་ནམ། འཛུགས་སྐྱོང་ཇི་ལྟར་བྱེད་དགོས་སམ། གནད་དོན་འདི་དག་ལ་བསམ་བློ་ཡག་པོ་གཏོང་བ་དང་གསལ་པོར་ཤེས་ན། གཞི་ནས་ངོས་འཛིན་དེ་བས་གནད་ལ་འཁེལ་བ་དང་བྱ་སྤྱོད་ཐད་དེ་བས་རང་རྟོགས་བྱེད་ཐུབ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་ནི་ཐོན་ལས་མ་ལག་ཧྲིལ་པོ་མྱུར་འཕར་ཡོང་བ་བྱེད་དགོས་པ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་ཁུལ་ཁག་དང་ལས་རིགས་ཁག་གིས་ངེས་གནས་གནད་ལ་འཁེལ་པོ་བཙལ་ནས་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། དགེ་མཚན་ཆེ་རིགས་བཏོན་ཏེ་གོང་འོག་ཐོན་ལས་ཕན་ཚུན་འབྲེལ་མཐུད་དང་། སོ་སོའི་ལེགས་ཆ་འདོན་སྤེལ། ཕྱོགས་གཅིག་ལ་ཤུགས་རྒྱག་པ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས”ཞེས་ནན་བཤད་གནང་བ་ལས་ཐོན་ལས་མ་ལག་སྤྱི་ཡོངས་ནས་མྱུར་འཕར་ཡོང་བར་སྐུལ་འདེད་གཏོང་བའི་ལག་ལེན་གྱི་ཐབས་ལམ་གསལ་སྟོན་བྱས་ཡོད། དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་རྐང་འཛིན་ནི་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་ཚན་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་བཏོན་པ་དེས་བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་རྒྱུན་འཁྱོངས་དང་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ལུགས་བསྟན་ཡོད།
དེ་ལྟར་ན། “གཏིང་ཟབ”ཡོང་བར་བྱེད་པར“ལོ་ལྔ་ཚན་བཅོ་ལྔ་པའི” འཆར་འགོད་ཀྱི་གྲོས་འགོའི་བཀོད་སྒྲིག་ཁག་ཤེས་ལ་དགོས་ལ་དེའི་ནང་དོན་དང་བྱེད་སྟངས་བྱེད་ལུགས་ཀྱང་ཤེས་པར་བྱེད་དགོས་པ་དེ་ཡིན། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་བརྡར་ཤ་གལ་ཆེན་བཅད་པ་དང་གསར་གཏོད་ཀྱི་བྱ་ཐབས་བཏོན་པ་ཚང་མ་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་པ་ཤ་སྟག་རེད།
དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་པར་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་ནི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར“ཡུལ་བབ་དང་བསྟུན་དགོས”ཞེས་ནན་བཤད་ཐེངས་མང་གནང་བ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“ས་གནས་ཁ་ཤས་ཀྱིས་དོན་དངོས་དང་མ་བསྟུན་པར་རྨོངས་ཚོད་ཀྱིས་ལད་ཟློས་བྱེད་ཀྱི་ཡོད། གཞན་གྱིས་ཉིང་ལྷེབ་བཟོས་པ་མཐོང་ཚེ་རང་ཉིད་ཀྱིས་ཀྱང་བཟོ་བ་དང་། གཞན་གྱིས‘ཐོན་གསར་གསུམ’གཉེར་ཚེ་རང་ཉིད་ཀྱིས་ཀྱང་དེ་ལྟར་བྱེད་ཀྱི་ཡོད”ཅེས་སྐྱོན་བརྗོད་གནང་མྱོང་ཡོད།
“ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དེ་སྲོལ་རྒྱུན་གྱི་ཐོན་ལས་ལ་སྣང་ཆུང་བྱེད་པ་དང་དོར་བ་ཞིག་མ་ཡིན། འུར་ཐེངས་གཅིག་ལ་ཡོང་བ་དང་ཁ་བཤད་ལྦུ་བ་མ་བྱུང་སྔོན་འགོག་བྱེད་དགོས་ལ། བྱེད་སྟངས་བྱེད་ལུགས་གཅིག་ཁོ་ན་ཡང་སྤྱོད་རྒྱུ་མེད”ཅེས་བསྟན་གནང་བ་དང་། “ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཚན་ཞིབ་ཀྱི་ཆ་རྐྱེན་སོགས་ལ་གཞིགས་ཏེ་གདམ་ག་ཡོད་པའི་སྒོ་ནས་ཐོན་ལས་གསར་པ་དང་། བྱ་ཐབས་གསར་པ། སྒུལ་ནུས་གསར་པ་བཅས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་སོགས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་དཀྱེལ་ཆེ་ལ་གཟིགས་རྒྱང་རིང་བའི་བཀའ་མོལ་དེ་དག་ཁྲོད་ཐོག་མཐའ་བར་གསུམ་དུ“སྔོན་འཛུགས་རྗེས་གཏོར”གྱི་རིག་པ་དྭངས་གསལ་ཡོད་ལ“ཡུལ་བབ་དང་བསྟུན་པའི”དངོས་ཐོག་བདེན་འཚོལ་གྱི་བྱ་ཐབས་ཀྱང་འདུས་ཡོད་པས། ང་ཚོས་དོན་དངོས་ལ་གཞི་བཙུགས་ཏེ་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བར་མཛུབ་ཁྲིད་བྱེད་བཞིན་ཡོད།
དེ་ལྟར་ན། “གནད་འཁེལ”ཞེས་པ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་བཏོན་པའི་བཀོད་སྒྲིག་ཁག་གི་སྲིད་ཇུས་ཀྱི་མཚམས་ཚད་དང་ཚད་གཞི་ཁག་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱས་ནས་སྒྲུབ་དགོས་རིགས་ངེས་པར་དུ་སྒྲུབ་པ་དང་། སྒྲུབ་ཐུབ་རིགས་ཧུར་ཐག་སྒྲུབ་པ། སྒྲུབ་མི་རུང་བའི་རིགས་གཏན་ནས་མི་སྒྲུབ་པ་བཅས་བྱེད་དགོས་པ་དེ་ཡིན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནི་རྒྱལ་ཡོངས་འཕེལ་རྒྱས་འགྲོ་བའི་སྤྱི་ཡོངས་ལ་གཞིགས་ནས་བཟོས་པ་ཡིན་པས། ཡོངས་ཁྱབ་ཀྱི་རང་བཞིན་དང་། སྤྱི་ཡོངས་ཀྱི་རང་བཞིན། ཁ་ཕྱོགས་ཀྱི་རང་བཞིན་བཅས་ལྡན་ཡོད། བྱ་ཐབས་མི་འདྲ་བར་སྤྱད་འཐུས་ཀྱི་ཁྱབ་ཁོངས་དང་། འཕེལ་རིམ་གྱི་བླང་བྱ། ལག་བསྟར་བྱ་ཐབས་བཅས་ཀྱི་ཐད་ལའང་ཁྱད་པར་ཡོད་པས་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་སྟངས་འཛིན་ཡག་པོ་བྱེད་དགོས།
ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་གསལ་ཤེས། བྱ་ཐབས་སྦྱོང་བ། བློ་གྲོས་སྐྱེད་པ་བཅས་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་འཐབ་ཇུས་བཀོད་སྒྲིག་ལ་ཕྱོགས་ཡོངས་དང་། གཏིང་ཟབ། ཡང་དག་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པ། སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་མཐོ་འཛེགས་རྒྱང་ལྟ་བྱེད་པ། སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱེད་པ། འཐབ་ཇུས་ཐད་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། འཐབ་རྩལ་ཐད་འཆར་འགོད་ཞིབ་ཚགས་འདིང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་21ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།