2025ལོར་མཚོ་སྔོན་གྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་འཛད་སྤྱོད་དངུལ་འབོར་སྒོར་དུང་ཕྱུར་197ཟིན་པ།
ཟླ་1ཚེས་15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི“ཡིད་ཆེས་བརྟན་གཏོང་གིས་འཛད་སྤྱོད་རྒྱ་ཆེར་གཏོང་། དངོས་སྒྲུབ་སྔོན་བརྩོན་གྱིས་འཕེལ་རྒྱས་དོན་དུ་གཉེར། 2026ལོའི་ཚོང་དོན་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཆེར་སྤེལ་གྱི་གཙོ་གནད་ལས་དོན”ཞེས་པའི་བརྗོད་དོན་གཙོ་བོའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པ་ལྟར་ན། 2025ལོར་མཚོ་སྔོན་ཞིང་ཆེན་གྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་ཕན་འབྲས་མངོན་གསལ་དོད་ཅིང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་16.9བཏང་བ་དང་། སྲིད་ཇུས་ཁྱབ་ཁྱོན་མི་ཐེངས་ཁྲི་152ལས་བརྒལ་བ། འཛད་སྤྱོད་དངུལ་འབོར་སྒོར་དུང་ཕྱུར་197སྐུལ་ཁྲིད་ཐུབ་པ། རླངས་འཁོར་ཁྲི་9.2གསར་བརྗེས་གསར་ཉོ། ཁྱིམ་སྤྱོད་གློག་ཆས་རྙིང་པ་ཁྲི་49.6གསར་བརྗེས། ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་ཁྲི་61.5གསར་ཉོ། ཁྱིམ་ཆས་ཁྲི་31.9གསར་བརྗེས། གློག་སྒུལ་རྐང་འཁོར་རྙིང་པ་ཁྲི་0.4གསར་བརྗེས་བཅས་བྱུང་བར་བརྟེན། ལོ་ཧྲིལ་པོར་སྲིད་ཇུས་ལག་བསྟར་ཐུབ་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཉུང་ཤས་ཀྱི་གྲས་སུ་གྱུར་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། 2026ལོར་ཀྲུང་དབྱང་གིས་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱི་མ་དངུལ་མུ་མཐུད་བཏང་བ་དང་། ས་གནས་ཁག་གིས་བསྡུར་ཚད་ལྟར་ལྷན་སྦྱར་མ་དངུལ་བཏང་ནས་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་བསྟར་ལ་རྒྱབ་སྐྱོར་བྱ་རྒྱུ་རེད། 2025ལོའི་ཟླ་12ཚེས་31ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས《2026ལོའི་མཚོ་སྔོན་ཞིང་ཆེན་གྱི་རླངས་འཁོར་རྙིང་པ་གསར་པར་བརྗེ་བ་དང་། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བ། གྲངས་འཛིན་ཐོན་རྫས་གསར་པ་ཉོ་བ་བཅས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ནས་སྲིད་ཇུས་རྒྱུན་མཐུད་ལག་བསྟར་ཐུབ་པའི་འགན་ལེན་བྱས་པ་རེད། ན་ནིང་དང་བསྡུར་ན་ད་ལོའི་སྲིད་ཇུས་སྔར་བས་ལེགས་སུ་བཏང་ཡོད་པ་དང་། དེ་གཙོ་བོ་རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཐད་ནས་མངོན་པ་སྟེ། རྒྱལ་ཡོངས་གཅིག་གྱུར་གྱི་ཁ་གསབ་ཚད་གཞི་ལག་བསྟར་བྱས་ནས། ཁ་གསབ་ཚད་གཞི་མཐོ་ཤོས་འགྱུར་བ་མི་གཏོང་བའི་རྨང་གཞིའི་ཐོག་བཅད་གྲངས་ཁ་གསབ་དེ་རླངས་འཁོར་རིན་གོང་གི་བསྡུར་ཚད་ལྟར་ཁ་གསབ་སྤྲོད་པར་ལེགས་སྒྲིག་བྱས་ཡོད། 2026ལོར་འཛད་སྤྱོད་པ་སྒེར་གྱིས་རླངས་འཁོར་མཁོ་མེད་གསར་བརྗེས་ཀྱི་ཁ་གསབ་ཐེངས་གཅིག་གམ་ཡང་ན་རླངས་འཁོར་བརྗེ་ལེན་གསར་བརྗེས་ཀྱི་ཁ་གསབ་ཐེངས་གཅིག་ལོངས་སྤྱོད་བྱེད་ཆོག་པ་དང་། རླངས་འཁོར་གསར་པ་ངེས་པར་དུ་མཚོ་སྔོན་དུ་ཐོ་འཇུག་བྱེད་དགོས། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་སྐབས་རྒྱལ་ཡོངས་གཅིག་གྱུར་གྱི་ཁ་གསབ་ཚད་གཞི་ལག་བསྟར་བྱས་ཏེ། འཛད་སྤྱོད་པ་སྒེར་གྱིས་འཁྱགས་སྒམ་དང་། གོས་འཁྲུད་འཕྲུལ་ཆས། བརྙན་འཕྲིན། དྲོད་སྙོམ་འཕྲུལ་ཆས། གློག་ཀླད། ཆུ་དྲོད་གཏོང་ཆས་བཅས་ཁྱིམ་སྤྱོད་གློག་ཆས་རིགས་དྲུག་གི་ནང་ནས་རིམ་པ་དང་པོའི་ནུས་ཕྱོད་དམ་ཡང་ན་ཆུ་ནུས་ཚད་གཞི་ཡོད་པའི་ཐོན་རྫས་ཉོས་ཚེ། ཐོན་རྫས་ཕྱིར་འཚོང་རིན་གོང་གི་15%ལྟར་ཁ་གསབ་སྤྲོད་རྒྱུ་དང་ཁ་གསབ་མཐོ་ཤོས་སྒོར་1500སྤྲོད་རྒྱུ་རེད། གྲངས་འཛིན་ཐོན་རྫས་གསར་པ་ཉོ་བའི་ཐད་གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཉོ་བར་ཁ་གསབ་སྤྲོད་པའི་བར་རྒྱ་སྐྱེད་བཏང་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་ཁ་གསབ་ཚད་གཞི་ལག་བསྟར་བྱས་ཏེ་འཛད་སྤྱོད་པ་སྒེར་གྱིས་དངོས་ཟོག་གཅིག་གི་ཕྱིར་འཚོང་རིན་གོང་སྒོར་6000ལས་མི་བརྒལ་བའི་ལག་ཐོགས་ཁ་པར་དང་། ངོས་ལེབ་གློག་ཀླད། རིག་ནུས་ལག་འདོགས་ཆུ་ཚོད་དང་ལག་གདུབ། རིག་ནུས་མིག་ཤེལ་བཅས་ཀྱི་ཐོན་རྫས་རིགས་4ཉོས་ཚེ། ཐོན་རྫས་ཕྱིར་འཚོང་རིན་གོང་གི་15%ལྟར་ཁ་གསབ་སྤྲོད་རྒྱུ་དང་ཁ་གསབ་མཐོ་ཤོས་སྒོར་500སྤྲོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།