“ཀྲུང་གོས་རྒྱལ་ཁབ་ཁག་འཕེལ་རྒྱས་དང་དར་རྒྱས་ཡོང་བར་རྩ་ཆེའི་གོ་སྐབས་མཁོ་འདོན་བྱས་ཡོད”
སི་རི་ཡའི་ཏ་མ་སི་ཁུ་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བ་རིག་པའི་དགེ་རྒན་ཆེ་མོ་བ་ཧྲ་ཧེར་ལ་བཅར་འདྲི་ཞུས་པ།

ཧྲ་ཧེར།
“སྟོབས་དང་ལྡན་པའི་འགོ་ཁྲིད་ཀྱི་སྲོག་ཤིང་དང་། ལས་ལ་བརྩོན་ཞིང་འབད་འཐབ་བྱེད་མཁན་གྱི་དམངས་ཚོགས། ཕུགས་ལ་ཕན་ཞིང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་འཆར་འགོད་བཅས་ཚང་མ་ནི་ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་གི་རྩ་ཆེའི་གཞི་རྒྱུ་རེད” སི་རི་ཡའི་ཏ་མ་སི་ཁུ་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བ་རིག་པའི་དགེ་རྒན་ཆེ་མོ་བ་ཧྲ་ཧེར་གྱིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་ཀྲུང་གོར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཇུས་གཞི་བཏོན་ནས“འཕེལ་རྒྱས”འདི་ཉིད་དེ་བས་མཐོ་བ་དང་གཏིང་ཟབ་པའི་ཕྱོགས་སུ་མཐོར་འདེགས་བྱས་ཡོད་ཅེས་བརྗོད།
ཧྲ་ཧེར་གྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་གདེང་འཇོག་གང་ལེགས་བྱས་ཤིང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་གཏོང་བ་སོགས་ཀྱི་བྱེད་ཐབས་ཀྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད།
ཧྲ་ཧེར་གྱིས་དེ་སྔ་ཀྲུང་གོའི་ཀྲུང་ཧྲན་སློབ་ཆེན་དུ་སློབ་ཁྲིད་ལོ་མང་གནང་མྱོང་ཡོད། “ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པ་ལྟར། ངས་ཀྲུང་གོའི་སྒོ་དབྱེའི་རྣམ་པ་དང་དར་རྒྱས་ཀྱི་རྣམ་པ་མིག་མཐོང་ལག་ཟིན་ཐུབ་བྱུང” ཀྲུང་གོའི་མྱུར་ཚད་དང་ལས་ཆོད་སྐོར་གླེང་སྐབས། ཧྲ་ཧེར་གྱིས་རང་ཉིད་ཀྱིས་བརྒྱུད་མྱོང་བའི་བྱ་བ་ཞིག་བརྗོད་པ་སྟེ། “ངས་ཀྲུང་ཧྲན་སློབ་ཆེན་དུ་སློབ་ཁྲིད་བྱེད་རིང་སི་རི་ཡར་ཐེངས་གཅིག་ལོག་པ་ཡིན། སློབ་གྲྭར་ཕྱིར་ལོག་བྱེད་སྐབས་སློབ་གྲྭའི་རྒྱལ་སྒོ་རྙེད་མ་བྱུང་། དུས་ཚོད་ཐུང་ངུའི་ནང་སློབ་གྲྭའི་འཛུགས་སྐྲུན་དང་ཉེ་འཁོར་གྱི་འགྲོ་ལམ་ལེགས་གཏོང་སྒྱུར་བཀོད་བྱས་ཟིན་འདུག”ཅེས་བརྗོད།
ཧྲ་ཧེར་གྱིས་ཀྲུང་གོས་རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་བཏོད་ཡོད། གྲུབ་འབྲས་དེ་དག་ལས་རྒྱལ་ཁབ་ཅིག་འཕེལ་རྒྱས་གཏོང་དགོས་བསམ་ན། རྒྱལ་ཁབ་དེ་གའི་རྒྱལ་བབ་དང་འཚམ་པའི་ཐབས་ལམ་ངེས་པར་དུ་འཚོལ་དགོས་པ་ལས། ཕྱིའི་རོགས་སྐྱོར་ལ་བརྟེན་ན་རྒྱུན་མཐུད་འཕེལ་རྒྱས་ཡོང་མི་ཐུབ་པ་ར་སྤྲོད་གང་ལེགས་ཐུབ་ཡོད་ཅེས་བརྗོད།
ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ཧྲ་ཧེར་གྱིས་དེ་ནི“ཀྲུང་གོས་རྒྱལ་ཁབ་ཁག་འཕེལ་རྒྱས་དང་དར་རྒྱས་ཡོང་བར་རྩ་ཆེའི་གོ་སྐབས་མཁོ་འདོན་བྱས་ནས་གཉིས་ཁེ་གཉིས་ཕན་གྱི་རྣམ་པ་གཏོད་པ་ཞིག་ཡིན་པའི”ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ཀྲུང་གོས་བཏོན་པའི་གྲོས་འགོ་ཁག་ལ་དགའ་བསུ་རྒྱ་ཁྱབ་ཏུ་ཐོབ་ཡོད། གང་ལགས་ཤེ་ན། ཀྲུང་གོས་མཉམ་ལས་ཁྲོད་ཆབ་སྲིད་ཀྱི་ཞོར་རྟོགས་ཆ་རྐྱེན་གང་ཡང་འདོན་གྱི་མེད། ཕྱོགས་ཁག་གིས་ཀྲུང་གོའི་གོ་སྐབས་མཉམ་སྤྱོད་བྱས་ནས་ཐུན་མོང་འཕེལ་རྒྱས་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།
“རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་བདེན་པའི་གཞུང་བསངས་ཏེ་འབྲེལ་ཡོད་གདོང་གཏུག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད” ཧྲ་ཧེར་གྱིས་ཀྲུང་གོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ཀྱི་ལྟ་བ་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་མི་འདྲ་བའི་དབར་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུའི་འདོད་ཚུལ་འཛིན་པ། བཙན་དབང་དང་། དྲག་ཐབས། བཙན་བརྙས་བཅས་ལ་ངོ་རྒོལ་བྱས་ནས་རྒྱལ་སྤྱིའི་འབྲེལ་བ་ཐག་གཅོད་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱ་ཆེད་ཁ་ཕྱོགས་གསལ་སྟོན་བྱེད་ཀྱི་ཡོད་ཅེས་བརྗོད།
ཧྲ་ཧེར་གྱིས་སི་རི་ཡར་ལོ་རྒྱུས་ཡུན་རིང་ལྡན་པས་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད་ལ། སི་རི་ཡ་དང་ཀྲུང་གོས་མཛའ་གྲོགས་མཉམ་ལས་སྔར་བས་ཟབ་ཏུ་བཏང་སྟེ་ཕྱོགས་གཉིས་པོའི་དམངས་ཚོགས་ལ་བདེ་རྩ་དེ་བས་ཆེ་བ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།