སིང་ཀ་ཕོར་གྱི་ཀྲང་དབྱི་གནམ་ཐང་དུ་དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་ཀྲུང་སིང་དུས་གཏན་གནམ་གྲུ་ཐེངས་600ལྷག་མང་དུ་གཏོང་རྒྱུ་ཡིན་པ།
དཔྱིད་གསར་དུས་ཆེན་སྐབས་འགྲུལ་པ་མང་པོ་འཕར་བར་ཁ་གཏད་གཅོག་ཆེད། སིང་ཀ་ཕོར་ཀྲང་དབྱི་གནམ་ཐང་ཚོགས་པས་ཚེས་19ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། གནམ་ཐང་དེས་ཟླ་2ཚེས་1ཉིན་ནས་ཟླ་3ཚེས་8ཉིན་བར་སིང་ཀ་ཕོར་ནས་ཀྲུང་གོའི་གྲོང་ཁྱེར་15བར་གྱི་ཐད་འཕུར་དུས་གཏན་གནམ་གྲུ་ཐེངས་600ལྷག་མང་དུ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
གསལ་བསྒྲགས་དེའི་ནང་། ཀྲུང་གོ་ནི་སིང་ཀ་ཕོར་གྱི་འགྲུལ་ཁུངས་ཁྲོམ་ར་ཆེ་ཤོས་ཨང་དང་པོ་ཡིན་ལ། དཔྱིད་གསར་དུས་ཆེན་རིང་ནི་ཀྲུང་གོའི་ཡུལ་སྐོར་བ་སིང་ཀ་ཕོར་ལ་ཡོང་མང་བའི་དུས་མཚམས་གལ་ཆེན་ཞིག་རེད། དགུན་གསེང་དང་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བ་དང་བསྟུན་ནས་གནམ་ཐང་གིས་སླར་ཡང་འགྲུལ་པ་མང་པོ་བསུ་རྒྱུ་ཡིན། ཀྲུང་གོའི་གྲོང་ཁྱེར་15ཡི་ཁྲོད་ནན་ཁྲང་དང་། ཉིང་པོ། དབུན་ཀྲོའུ། ཝུའུ་ཧན། ཀྲེང་ཀྲོའུ་བཅས་ཀྱི་དུས་གཏན་གནམ་གྲུ་ནི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་མང་དུ་གཏོང་ཐེངས་དང་པོ་ཡིན་ཞེས་བཀོད་ཡོད་པ་རེད།
ཀྲུང་སིང་ཕན་ཚུན་དབར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་རྒྱུན་མཐུད་ལག་བསྟར་བྱས་སྟབས་ཕྱོགས་གཉིས་པོའི་ཡུལ་སྐོར་མི་འབོར་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད། སིང་ཀ་ཕོར་ཡུལ་སྐོར་ཅུས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། 2025ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་ཀྲུང་གོའི་སྐམ་ས་ཆེན་པོ་ནས་སིང་ཀ་ཕོར་དུ་སྐྱོད་མཁན་མི་ཐེངས་ཁྲི་293ཟིན་ནས་འགྲུལ་ཁུངས་ཁག་གི་ཨང་དང་པོར་སླེབས་ཡོད་པ་རེད།
ཀྲང་དབྱི་གནམ་ཐང་ཚོགས་པའི་མཁའ་འགྲུལ་དང་ཟོག་འདྲེན་འཕེལ་རྒྱས་ཀྱི་ལག་བསྟར་ཙུང་ཚའེ་གཞོན་པ་ལིན་ཀྲེན་ཅེ་ཡིས། དཔྱིད་གསར་དུས་ཆེན་རིང་སིང་ཀྲུང་དུས་གཏན་གནམ་གྲུའི་སྐྱེལ་འདྲེན་ནུས་པ་ཆེ་རུ་ཤུགས་ཆེན་འགྲོ་རྒྱུ་ཡིན་པ་དེའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་འགྲོ་འོང་དགོས་མཁོ་ཆེན་པོ་མཚོན་པ་མ་ཟད། ད་དུང་ཀྲང་དབྱི་གནམ་ཐང་དང་མཁའ་འགྲུལ་ཀུང་སི་ཁག་དབར་གྱི་མཉམ་ལས་དམ་ཟབ་ཀྱང་མཚོན་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།