དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང“ཐེངས་བཞི་བསྟུད་མར་འཕར་བ”

    རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་140ཡི་སྐས་རིམ་གསར་པར་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-22

    འབད་འབུངས་མདུན་སྐྱོད་ཀྱིས་སླར་ཡང་མཐོ་ཚད་གསར་པར་སླེབས་པར་བྱས། ཟླ་1ཚེས་19ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་2025ལོའི་ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་འབྲས་གསལ་ཐོ་ཡོངས་བསྒྲགས་བྱས་པས། གྲངས་གཞི་རེ་རེ་ལས་མི་རྣམས་ལ་སྐུལ་མ་ཐེབས་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར། 2025ལོར། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1401879ཟིན་ནས་སྒོར་དུང་ཕྱུར་140ཡི་སྐས་རིམ་གསར་པར་སླེབས་ཏེ་འགྱུར་མེད་རིན་གོང་གཞིར་བཟུང་རྩིས་བརྒྱབ་ན་ལོ་གོང་མ་ལས་5.0%འཕར་བ་དང་མི་རེའི་ཆ་སྙོམས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་3བསྟུད་མར་ཨ་སྒོར་ཁྲི་1.3ལས་བརྒལ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀྲུང་གོའི་དཔལ་འབྱོར་བསྡོམས་འབོར་སྔ་རྗེས་སུ་སྒོར་དུང་ཕྱུར་ཁྲི་110དང་། སྒོར་དུང་ཕྱུར་ཁྲི་120 སྒོར་དུང་ཕྱུར་ཁྲི་130 སྒོར་དུང་ཕྱུར་ཁྲི་140བཅས་ལས་བརྒལ་ནས“ཐེངས་བཞི་བསྟུད་མར་འཕར་ཐུབ་པ”བྱུང་སྟེ། ལོར་ཆ་སྙོམས་འཕར་ཚད་5.4%ཡི་ཐོག་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོར་མུ་མཐུད་སྣེ་ཁྲིད་ཐུབ་ཡོད།

    རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཁང་དབྱི་ཡིས“དེ་ནི་ཧང་སངས་དགོས་པའི་གྲུབ་འབྲས་ཞིག་རེད། དེ་ལས་ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་དང་། གནོན་ཤུགས་ཐེག་ནས་མདུན་སྐྱོད་བྱེད་པའི་མཉེན་གཤིས། གསར་ལ་ལེགས་པའི་ཕྱོགས་སུ་སྐྱོད་པའི་གསོན་ཤུགས་བཅས་གང་ལེགས་མངོན་ཡོད”ཅེས་བཤད།

    2025ལོ་ཁོ་ནར་བལྟས་ཚེ། ཀྲུང་གོའི་དཔལ་འབྱོར་གནོན་ཤུགས་ཐེག་ནས་མདུན་སྐྱོད་དང་གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཏེ། སྔོན་དཔག་དམིགས་ཚད་གཙོ་བོ་མངོན་འགྱུར་བདེ་བླག་བྱུང་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”ལོ་ལྔ་དེར་བལྟས་ཚེ། ཀྲུང་གོའི་དཔལ་འབྱོར་གྱིས་ཉེན་ཁ་དང་འགྲན་སློང་གལ་ཆེན་རབ་དང་རིམ་པར་ཁ་གཏད་ནུས་ལྡན་བཅག་པས། འཚར་ལོངས་དང་སྟོབས་ཤུགས་འཕེལ་ཡོད།

    དཔལ་འབྱོར་གྱི་རྨང་གཞི་སྔར་བས་བརྟན་དུ་དང་ཉེན་ཁ་འགོག་ནུས་སྔར་བས་ཆེ་རུ་ཕྱིན་ཞིང་། འབྲུ་རིགས་ཐོན་འབབ་ལོ་གཉིས་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.4ཟིན་པ་དང་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ལོ་16བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་ཚུལ་སྔར་བས་ལེགས་སུ་དང་གོམ་སྟབས་སྔར་བས་བརྟན་དུ་ཕྱིན་ཞིང་། གསར་གཏོད་འཕེལ་རྒྱས་ཐད་ཚད་བརྒལ་གསར་པ་བྱུང་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྤྱི་ཚོགས་ཡོངས་ཀྱི་ཞིབ་སྤེལ་ཐད་བཏང་བའི་མ་དངུལ་ལོར་ཆ་སྙོམས་10%འཕར་བ་དང་། གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ལོར་ཆ་སྙོམས་9.2%འཕར་བ། ལྗང་མདོག་ཕྱོགས་སྒྱུར་ཐད་རྣམ་པ་གསར་པ་མངོན་པ། འགྱུར་རྡོ་མིན་པའི་ནུས་རྒྱུའི་འཛད་སྤྱོད་བསྡུར་གྲངས་2020ལོའི་16%ནས་2025ལོའི་20%ཡན་བར་མཐོ་རུ་ཕྱིན་ཡོད། དམངས་འཚོ་ལེགས་གཏོང་ཐད་གྲུབ་འབྲས་གསར་པ་ཐོབ་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོར་ཆ་སྙོམས་5.4%དངོས་སུ་འཕར་བ་དེ་དཔལ་འབྱོར་འཕར་ཚུལ་དང་གཅིག་མཚུངས་ཡིན་པ་རེད།

    “‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་མང་པོ་འཕྲད་སྲིད་མོད། འོན་ཀྱང་དཔལ་འབྱོར་ཡུན་རིང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྩ་བའི་ཆ་ནས་འགྱུར་ལྡོག་ཡོང་མི་སྲིད། གསར་གཏོད་སྐུལ་སྤེལ་གྱི་འཕེལ་ཕྱོགས་ལེགས་སུ་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་ཚེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པར་ཕན་འབྲས་གསར་པ་ཐོན་རྒྱུ་རེད”ཅེས་ཁང་དབྱི་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།