མཐའ་བརྟན་མཐའ་དར་ལ་བརྟེན་ནས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་མཐའ་འཁྱོངས་དང་འཕེལ་རྒྱས་དང་བདེ་འཇགས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་ཡོང་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ལེགས་པ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། བོད་ལྗོངས་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་། མཐའ་མཚམས་ས་ཐིག་རིང་བ་དང་། སྐྱེ་ཁམས་ཁོར་ཡུག་ཉམས་ཞན། རང་བྱུང་ཆ་རྐྱེན་དཀའ་ཚེགས་ཆེ་བ་བཅས་ཡོད་པས། དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་རེད། “མཐའ་བརྟན་མཐའ་དར”ནི་དུས་མཚམས་རང་བཞིན་གྱི་འབོད་ཚིག་ཅིག་མིན་པར། དེ་ནི་ངེས་པར་དུ་རྒྱུན་མཐུད་དེ་སྐུལ་འདེད་གཏོང་བ་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་པའི་མ་ལག་རང་བཞིན་གྱི་འདུ་འགོད་ཅིག་རེད།
ངོ་བོའི་ཐོག་ནས་བལྟས་ན། མཐའ་མཚམས་སྲ་བརྟན་ཡོང་བའི་ལྟེ་བ་ནི“བརྟན་ལྷིང”ལ་ཐུག་པ་དང་། མཐའ་མཚམས་དར་རྒྱས་ཡོང་བའི་འགག་རྩ་ནི“འབྱོར་ཕྱུག”ལ་ཐུག་ཡོད། མཐའ་མཚམས་སྲ་བརྟན་དུ་གཏོང་བར་མི་སེམས་བརྟན་པོ་དང་། སྒྲིག་ལམ་བརྟན་པོ། འཕེལ་རྒྱས་ཀྱི་ཁོར་ཡུག་བརྟན་པོ་བཅས་ལ་བརྟེན་ནས། མཐའ་མཚམས་བཅོས་སྐྱོང་གི་སྤྱི་ཚོགས་རྨང་གཞི་བརྟན་དུ་གཏོང་བ་དང་། མཐའ་མཚམས་དར་རྒྱས་གཏོང་བར་ལས་ཞུགས་བརྟན་པོ་དང་། རྒྱུན་མཐུད་འབབ་འཕར། སྤྱི་པའི་ཞབས་ཞུ་མཁོ་སྤྲོད་དོ་སྙོམས་བཅས་བྱེད་པ་བརྒྱུད། མང་ཚོགས་ལ་ཐོན་ལས་དང་། འགན་སྲུང་། སྔོན་དཔག་བཅས་ཡོད་པར་བྱེད་དགོས། འཕེལ་རྒྱས་ནི་མཐའ་བརྟན་མཐའ་དར་ཡོང་བའི་རྨང་གཞིའི་རང་བཞིན་གྱི་འདེགས་སྐྱོར་ཞིག་རེད། ཐོན་ལས་འཕེལ་རྒྱས་བཏང་བ་དེས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་འཇགས་ཚོར་སྣང་ཆེ་རུ་ཕྱིན་པ་དང་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དེས་རང་བྱུང་གནོད་འཚེ་དང་ཐོལ་བྱུང་ཉེན་ཁར་ཁ་གཏད་གཅོག་ནུས་ཆེ་རུ་ཕྱིན་ཡོད། འགྲོ་ལམ་གཅིག་དང་། དྲ་རྒྱ་གཅིག འཕྲོད་བསྟེན་ཁང་གཅིག་བཅས་ནི་བལྟས་ན་དོན་ཆུང་ཞིག་ཡིན་ནའང་དེའི་ནང་མཐའ་མཚམས་བརྟན་ལྷིང་གི་རྒྱུ་རྐྱེན་དུ་མ་གྲུབ་ཡོད། དེས་ན། ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་དགོས་པ་ཞིག་ནི། འཕེལ་རྒྱས་གཏོང་བར་ཉེན་ཁ་ཡོད་ཅིང་། འཕེལ་རྒྱས་ཇི་ཙམ་འགྲོ་མགྱོགས་ན། དེ་ཙམ་གྱིས་བདེ་འཇགས་ཀྱི་དབྱེ་མཚམས་དང་སྐྱེ་ཁམས་ཚོད་འཛིན་ལ་སྤྱི་འདོམས་བྱེད་དགོས་ཀྱི་ཡོད། བོད་ལྗོངས་ཀྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ལ་ཐུག་པ་དང་འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ལ་ཐུག་ཡོད་ལ་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་ཐུག་ཡོད། སྐྱེ་ཁམས་ལ་གཏོར་བརླག་བཏང་ནས་དུས་ཐུང་གི་འཕར་སྣོན་ཡོང་ཐབས་བྱེད་པ་དེས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནུས་པ་ཉམས་ཞན་དུ་གཏོང་སྲིད་ལ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་ཐོན་སྲིད། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་ཡུན་རིང་བརྟན་ལྷིང་གི་འཕེལ་རྒྱས་ལེགས་ཆར་བསྒྱུར་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཐབ་ཇུས་ལྡན་པའི་སྲུང་སྐྱོབ་བྱས་པ་ཞིག་རེད།
བདེ་འཇགས་ཀྱང་དེང་རབས་ཅན་བཅོས་སྐྱོང་བྱེད་པའི་ལམ་ལུགས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་ཕྱིན་ན་འགལ་ཟླ་དང་རྩོད་གཞི་སྔ་ཙམ་ནས་ཤེས་པ་དང་སྔ་ཙམ་ནས་སེལ་ཐུབ། དམག་དཔུང་དང་ས་གནས་མཐུན་སྦྱོར་བདེ་བླག་དང་ཉེན་དམངས་མཉམ་འགུལ་གང་ལེགས་བྱས་ཚེ་འཕྲལ་སྡོམ་ཐག་གཅོད་ནུས་པ་དེ་བས་ཆེ་རུ་འགྲོ་ཐུབ། བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་བཏང་བ་དེས་མང་ཚོགས་ཀྱིས་སྤྱི་པའི་དབང་ཆར་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་པ་མ་ཟད། རྒྱལ་ཁབ་ཀྱི་ལམ་ལུགས་ཐད་ཀྱི་མཐའ་མཚམས་ས་ཁུལ་གྱི་མོས་སེམས་ཀྱང་ཆེ་རུ་ཕྱིན་ཡོད། མང་ཚོགས་མང་པོ་ཞིག་གི་ཐད་ཀའི་མྱོང་ཚོར་ནི“དོན་དག་འཕྲད་སྐབས་ཁ་ཡ་བྱེད་མཁན་ཡོད་པ་དང་། དཀའ་ངལ་འཕྲད་སྐབས་རོགས་རམ་བྱེད་མཁན་ཡོད་པ། སྒྲིག་སྲོལ་གསལ་བཤད་ཡག་པོ་ཐུབ་པ”བྱུང་བ་དེ་ཡིན་ཞིང་། ལམ་ལུགས་ཤེས་ཚོར་ཐུབ་པའི་བདེ་འཇགས་ཚོར་སྣང་དེ་རིགས་ནི་མཐའ་བརྟན་མཐའ་དར་གྱི་སྟོབས་ཤུགས་གལ་ཆེན་ཞིག་རེད།
འཕེལ་རྒྱས་ནི་བློས་འཁེལ་ཤོས་ཀྱི་བརྟན་ལྷིང་ཡོ་བྱད་དང་བདེ་འཇགས་ནི་ཆེས་སྲ་བརྟན་གྱི་གྲུ་རྡོ་ཞིག་རེད། མཐའ་བརྟན་མཐའ་དར་ཡོང་བར་བྱེད་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲོམ་གཞི་ཧྲིལ་པོའི་ནང་བཞག་ནས་སྤྱི་འདོམས་འཆར་འགོད་བྱེད་པ་དང་། ཐོན་ལས་སྐྱེད་སྲིང་དང་། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ཚེ། གཞི་ནས“མཐའ་བརྟན་དང་། མཐའ་དར། མཐའ་སྟོབས” བཅས་ཀྱི་འཁོར་རྒྱུག་རྣམ་པ་བཟང་པོ་ཞིག་ཆགས་ཐུབ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཚད་གཞིར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྩ་བའི་སྟོན་ཕྱོགས་སུ་བརྩི་བ་དང་། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ། ལམ་ལུགས་ཀྱི་ལེགས་ཆ་རྒྱུན་མཐུད་ནས་བཅོས་སྐྱོང་གི་ཕན་ནུས་སུ་སྒྱུར་བ་བཅས་བྱས་ཚེ། བོད་ཀྱི་མཐའ་མཚམས་མི་དམངས་འབྱོར་ཕྱུག་ལྡན་པ་དང་། མཐའ་མཚམས་འགག་སྒོ་མཛེས་སྡུག་ལྡན་པ། མཐའ་མཚམས་བརྟན་ལྷིང་། མཐའ་སྲུང་སྲ་བརྟན་བཅས་མངོན་འགྱུར་ཐུབ་ནས། རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བར་དེ་བས་བརྟན་ལ་བློས་འགེལ་ཆོག་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།