ལྷ་སས་དོ་དམ་ཞིབ་ཚགས་བྱས་ནས་སྡོད་མལ་ལ་འཚམ་པའི་གྲོང་ཁྱེར་གསར་པ་བསྐྲུན་པ།
2025ལོར་ཁྲེང་ཀོན་ཆུས་ཀྱིས“གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཆེན་པོའི་འཐབ་ཇུས”ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་གྲོང་ཁྱེར་ལ་དོ་དམ་ཞིབ་ཚགས་དང་ཏན་ཏིག་བྱས་པས། གྲོང་ཁྱེར་གྱི་ཁོར་ཡུག་དང་བཅོས་སྐྱོང་གི་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
ཁྲེང་ཀོན་ཆུས་ཀྱིས་གྲོང་ཁྱེར་དོ་དམ་ཚད་ལྡན་ཅན་ལག་བསྟར་མཐའ་འཁྱོངས་བྱས་ཏེ། “རགས་ལས”ནས“གནད་སྨིན”ཕྱོགས་སུ་བསྒྱུར་ཞིང་། མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། གྲོང་ཁྱེར་གྱི་རྣམ་པ་བཅོས་སྐྱོང་དང་། གང་བྱུང་དུ་འཐེན་པའི་གློག་སྐུད་བཅོས་སྒྲིག རླངས་འཁོར་གང་བྱུང་དུ་འཇོག་པ་བཅོས་སྒྲིག་སོགས་གཙོ་གནད་ལས་འགན་ཁག་16ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད།
གྲོང་ཁྱེར་གྱི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བའི་ཐད། ཁྲེང་ཀོན་ཆུས་ཀྱིས་གནད་སྨིན་ཐབས་འདོན་དང་འབེན་དམིགས་ཤུགས་འདོན་བྱས་ཏེ། གྲོང་ཁྱེར་བཅོས་སྐྱོང་དེ“སྐྱོན་འགེབས”ནས“སྐྱོན་སེལ”ཕྱོགས་སུ་བསྒྱུར་ཞིང་། ཁྲེང་ཀོན་ཆུས་ཀྱིས་ཁྲིམས་འགལ་སྐྲུན་དངོས་གཏོར་བཤིག་དང་། “ངེས་གཏན་མེད་པ་གསུམ”བཅོས་སྐྱོང་། ཁོར་ཡུག་འཕྲོད་བསྟེན་གྱི་ཚད་གཞི་མཐོར་གཏོང་བཅས་ཀྱི་ལས་དོན་རྒྱུན་དུ་སྤེལ་བ་དང་། གྲོང་ཁྱེར་གྱི་ཚོམས་ཆེན་དཔེ་སྟོན་ས་ཚིགས་37སྒྱུར་བཀོད་རིམ་སྤོར་བྱས་ཡོད། གྲོང་ཁྱེར་སྔོ་ལྗང་ཅན་གྱི“གསར་བརྗེ་ཆུང་ངུ”དུས་མཉམ་དུ་ལག་ལེན་བསྟར་ཏེ། སྐམ་པོ་ཆགས་པའི་སྡོང་རྐང་ཁྲི་1.5ལྷག་ཙམ་གཙང་སེལ་བྱས་པ་དང་། ལྕང་སོན་སྡོང་རྐང་ཁྲི་93ལྷག་ཙམ་བཙུགས་པ། སྔོ་ཁེབས་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.72གསར་དུ་བསྣན་པ་བཅས་ལས“སྒེའུ་ཁུང་ནས་སྔོ་ལྗང་མཐོང་བ་དང་ཕྱིར་སྐྱོད་མ་ཐག་སྤྱི་གླིང་ནང་སླེབས་པ”ཡི་དམིགས་ཚད་རིམ་བཞིན་མངོན་འགྱུར་བྱུང་ཡོད།
གྲོང་ཁྱེར་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ཐད། ཁྲེང་ཀོན་ཆུས་ཀྱིས་བཅོས་སྐྱོང་མཐུན་སྦྱོར་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་དང་། བཅའ་སྡོད་བྱ་ཡུལ་གྱི་སྡེ་ཚན་དང་། ཏང་ཡོན་ལས་བྱེད་པ། སྡེ་ལས་ཁེ་ལས། སྤྱི་ཚོགས་རྩ་འཛུགས། གྲོང་མི་མང་ཚོགས་བཅས་གྲོང་ཁྱེར་བཅོས་སྐྱོང་ནང་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། དོ་དམ་ཞིབ་ཚགས་བྱེད་པ་དེ་གཞི་རིམ་བར་དུ་དོན་འཁྱོལ་བྱས་ཡོད།
སླད་ཕྱིན་ཁྲེང་ཀོན་ཆུས་ཀྱིས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི“གནད་སྨིན་ཅན་དང་། ཞིབ་ཚགས་ཅན། སྤུས་ལེགས་ཅན”བཅས་ཀྱི་ལས་ཀའི་བླང་བྱ་ལྟར། ཁྲེང་ཀོན་ཆུས་དེ“རང་མིར་སྤོབས་པ་སྐྱེ་བ་དང་གཞན་མིས་ཡིད་སྨོན་བྱེད་སའི”སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་ས་མཐོའི་གྲོང་ཁྱེར་གསར་པ་ཞིག་ཏུ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།