དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཆབ་སྲིད་ཀྱི་ལེགས་ཆ་དར་སྤེལ་གཏོང་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-22

    ལོ་རྒྱུས་ཀྱི་འགག་གནད་གལ་ཆེན་འཕྲད་རིམ་བཞིན་རང་རེའི་ཏང་གིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་སློབ་སྦྱོང་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་གི་ཡོད།

    ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བ་ནི་ང་ཚོའི་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་ཡིན་པ་གསལ་འགྲེལ་གཏིང་ཟབ་གནང་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་འཐབ་ཇུས་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་གོ་བ་གཏིང་ཟབ་དང་ཡང་དག་ལེན་པ་དང་ཁོང་དུ་ཆུད་པར་དམིགས་ནས་རྒྱས་བཤད་གཏིང་ཟབ་གནང་བ། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་བར་བླང་བྱ་ཁ་གསལ་བཏོན་པ། “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་སྔར་བས་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱས་ཏེ། བསམ་བློ་སྔར་བས་གཅིག་གྱུར་དང་སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་ཡག་པོ་འཛུགས་པར་འབད་བརྩོན་བྱེད་དགོས་པའི”ནན་བཤད་གནང་ཡོད།

    “ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་གལ་ཆེན་ཞིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་ཡིན” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག“ཕན་འདོགས་པ་བཞིར”བརྟེན་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བ་ལས་མངོན་པའི་ཆབ་སྲིད་ཀྱི་ལེགས་ཆར་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་། “མཐའ་འཁྱོངས་ལྔ”ལ་བརྟེན་ནས་དུས་ཡུན་རིང་པོའི་ལག་ལེན་ཁྲོད་གསར་གཏོད་དང་གསོག་འཇོག་བྱས་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཕྱོགས་སྡོམ་གནང་བ་དེ་ཐོག་ནས་རང་རེའི་ཏང་གིས་ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟབ་ཏུ་ཕྱིན་པ་མཚོན་ཡོད།

    “རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པར་བརྟེན་ནས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་དབྱེ་ཞིབ་དང་སྟངས་འཛིན་བྱེད་པ་དང་། ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ལོ་རྒྱུས་ཀྱི་གོ་སྐབས་སྣ་ཚོགས་དམ་འཛིན་དང་བེད་སྤྱོད་ཡག་པོ་བཅས་བྱས་ཡོད” ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་ཡང་དག་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། འབྱུང་འགྱུར་ལོ་ལྔའི་རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཀྱི་འཆར་འགོད་བཀོད་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀྲུང་གོའི་དཔལ་འབྱོར་བསྡོམས་འབོར་སྔ་རྗེས་སུ་སྒོར་དུང་ཕྱུར་ཁྲི་110དང་། སྒོར་དུང་ཕྱུར་ཁྲི་120 སྒོར་དུང་ཕྱུར་ཁྲི་130 སྒོར་དུང་ཕྱུར་ཁྲི་140བཅས་ལས་བརྒལ་ནས“བསྟུད་མར་ཐེངས་བཞི་འཕར་བ”མངོན་འགྱུར་བྱུང་སྟེ། ལོ་རེར་ཆ་སྙོམས་འཕར་ཚད་5.4%ཡི་ཐོག་ནས་མུ་མཐུད་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་སྣེ་ཁྲིད་པར་གྱུར་ཡོད། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་པ་དེས་དམིགས་ཚད་གསར་པའི་ཕྱོགས་སུ་སྐྱོད་པར་རྨང་གཞི་བརྟན་པོ་བཏིང་ཡོད། ལོ་རྒྱུས་ཀྱི་མཚམས་ཚིགས་གལ་ཆེན་ཐོག “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ལས་འགན་བཀོད་སྒྲིག་བྱས་ཡོད།

    འཕེལ་རྒྱས་ཀྱི་ལག་ལེན་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཐབ་ཇུས་ཀྱི་ཇུས་འགོད་ལ་བལྟས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར“གཏན་འཁེལ་གཉིས”ལ་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ང་ཚོས་གསལ་པོར་རྟོགས་ཐུབ་ལ། དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ནི་ང་ཚོས་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བྱེད་པའི་རྩ་བ་ཡིན་པ་མྱོང་ཚོར་ཟབ་མོ་བྱུང་གི་ཡོད།

    ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། དབུལ་ཞིང་ཕོངས་པའི་རྨང་གཞིའི་ཐོག་རང་ཚུགས་དང་ཅུང་ཆ་ཚང་བའི་བཟོ་ལས་མ་ལག་བཙུགས་པ་ནས“མདེལ་གཉིས་སྐར་གཅིག”དང་ཟླ་དཔྱད་འདུ་འགོད་སོགས་ཚན་རྩལ་གྱི་ཐོད་བརྒལ་གལ་ཆེན་བྱུང་བའི་བར་དང་། འབྲི་ཆུའི་འགག་གསུམ་ལས་གྲྭ་དང་། ནུབ་རླངས་ཤར་འདྲེན། ལྷོ་ཆུ་བྱང་འདྲེན་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྟོབས་ཤུགས་གཅིག་སྡུད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་པའི་བར། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་པའི་བར་སོགས།

    ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བ་བརྒྱུད། དུས་མཚམས་ཕྱེ་ནས་ལས་འགན་གལ་ཆེན་དང་། རྣམ་གྲངས་གལ་ཆེན། འདུ་འགོད་གལ་ཆེན་བཅས་ཁག་གཅིག་བཀོད་སྒྲིག་བྱས་པ་དང་། ཕྱོགས་ཁག་གི་ཐོན་ཁུངས་དང་སྟོབས་ཤུགས་སྐུལ་སློང་གིས་དུས་བཀག་ལྟར་ལེགས་སྒྲུབ་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་འཛུགས་སྐྲུན་ལ་འདེགས་སྐྱོར་གང་ལེགས་ཐུབ་ཡོད།

    ལམ་ལུགས་ཀྱི་ལེགས་ཆ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཐབ་ཇུས་ཀྱི་ཇུས་འགོད་ལ་བལྟས་ཚེ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་ཕྱོགས་གལ་ཆེན་ཞིག་ནི་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པ་དེ་ཡིན་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་དང་ལག་ལེན་བསྟར་རིང་ལེགས་ཆ་འདི་དེ་བས་གང་ལེགས་འདོན་ཐུབ་ནས། ང་ཚོའི་ལམ་ལུགས་ཀྱི་གདེང་ཚོད་དེ་བས་བརྟན་དུ་ཕྱིན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་འབད་འབུངས་མདུན་སྐྱོད་བྱས་ན་རྒྱལ་ཁ་ཐོབ་ངེས་ཡིན་པའི་གདེང་ཚོད་ཀྱང་དེ་བས་བརྟན་དུ་ཕྱིན་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་འཕྲད་ཡོད། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ནས་དངོས་ཚན་དཔལ་འབྱོར་གྱི་གཞི་རྩ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་ཡིན་ནའང་འདྲ། ཡང་ན་ཐོག་མའི་གསར་གཏོད་དང་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་བྱེད་མགྱོགས་སུ་གཏོང་བ་སོགས་གང་ཞིག་ཡིན་རུང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་དང་། སྐུལ་འདེད། འདེགས་སྐྱོར་བཅས་ཀྱི་ནུས་པ་གལ་ཆེན་ལྡན་པའི་འཐབ་ཇུས་ལས་འགན་བཀོད་སྒྲིག་བྱས་ཡོད། དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ནས་ཆབ་སྲིད་ཀྱི་ལེགས་ཆ་དར་སྤེལ་གང་ལེགས་གཏོང་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ལེགས་ཆ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། འཇུར་མིག་དང་ཚད་འགག་མེད་པར་བཟོ་བ། ཞན་ཆ་གསབ་པ་བཅས་བྱས་ཚེ། ང་ཚོར་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་རང་དབང་དང་འཕེལ་རྒྱས་ཀྱི་རང་དབང་ཐོབ་ངེས་རེད།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག ཆབ་སྲིད་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་འབྲས་དང་འཕེལ་རྒྱས་ཀྱི་སྒུལ་ནུས་ལ་བསྒྱུར་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་བའི་འཐབ་ཇུས་ལས་འགན་ལ་ཐོད་བརྒལ་ཆེན་པོ་ཡོང་བར་སྐུལ་འདེད་ཐུབ་ནས་ང་ཚོའི་དམིགས་ཚད་མངོན་འགྱུར་ཐུབ་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།