དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་པར་འབད་བརྩོན་བྱེད་དགོས།

    ལི་ཆང་གིས་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཞུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-22

    ཟླ་1ཚེས་20ཉིན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།

    ■ ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱས་ཏེ། བསམ་བློ་གཅིག་གྱུར་དང་ནུས་སེམས་གཅིག་སྒྲིལ་དེ་བས་ལེགས་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་འབད་བརྩོན་བྱེད་དགོས།

    ■ “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་ལེགས་གྲུབ་བདེ་བླག་ཡོང་བར། ངེས་པར་དུ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། རིམ་ཁག་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྩོན་ཞིབ་ཀྱིས་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་དང་དངོས་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ། དོན་དངོས་ནས་འགོ་འཛུགས་པ་དང་ཆོས་ཉིད་ལྟར་ལས་དོན་སྒྲུབ་པ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་མི་དམངས་ལ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། དཔའ་ངར་ཆེར་སྐྱེད་དང་དཀའ་བར་མ་འཛེམས་པར་མདུན་དུ་སྐྱོད་ཕོད་པ་བྱས་ནས་ཉེན་ཁ་སེལ་བ་དང་། འགྲན་སློང་བསུ་བ། འགག་གནད་ལས་སྒྲོལ་བ་བཅས་བྱེད་མཁས་པོ་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་གྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་ཀྱིས་གོམ་པ་གཅིག་ཀྱང་སྤོ་མཚམས་མི་འཇོག་པ་དང་གོམ་པ་ཕྱེད་ཙམ་ཡང་ཕྱིར་བཤོལ་མི་རྒྱག་པར། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོར། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱས་ཏེ། བསམ་བློ་གཅིག་གྱུར་དང་ནུས་སེམས་གཅིག་སྒྲིལ་དེ་བས་ལེགས་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་གིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་གལ་ཆེན་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་ཡིན་པས། དེ་ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པར་ཕན་ཐོགས་ཡོད་པ། རྒྱང་ལྟའི་རང་བཞིན་ལྡན་པའི་སྒོ་ནས་འཐབ་ཇུས་ཀྱི་གནད་དོན་སྟངས་འཛིན་བྱེད་པར་ཕན་ཐོགས་ཡོད་པ། བྱ་གཞག་གི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་ལ་ཕན་ཐོགས་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་དང་ལག་བསྟར་གྱི་ཡུན་རིང་ལག་ལེན་ཁྲོད། རང་རེའི་ཏང་གིས་ཉམས་མྱོང་ཕུན་སུམ་ཚོགས་པོ་གསར་གཏོད་བྱས་ནས་བསགས་ཡོད་ཅིང་། དེའི་ནང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་། དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས། རྒྱལ་ཡོངས་བསམ་ཇུས་གཅིག་མཐའ་འཁྱོངས། དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་མཐའ་འཁྱོངས། འཆར་འགོད་ཀྱི་ཁྲིམས་བཀོད་རྩ་དོན་མཐའ་འཁྱོངས་སོགས་ཚུད་ཡོད། ང་ཚོས་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་དོན་དངོས་གསར་པ་དང་རྒྱུན་ཆད་མེད་པར་ཟུང་འབྲེལ་བྱས་ཏེ་ལེགས་ཆ་འདི་དར་རྒྱས་གོང་འཕེལ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འཐབ་ཇུས་བཀོད་སྒྲིག་བྱས་ཡོད་པས་ཕྱོགས་ཡོངས་དང་། གཏིང་ཟབ། ཡང་དག་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། ཕྱོགས་ཡོངས་ཞེས་པ་ནི་སྤྱི་ཡོངས་ཀྱི་མིག་རྒྱང་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་བླངས་ཏེ་བཀོད་སྒྲིག་ཁག་སྤྱི་ཡོངས་ལ་བརྩིས་ནས་ཁོང་དུ་ཆུད་པར་བྱེད་པ་ལས། གཡས་ཟིན་གཡོན་ཤོར་བྱེད་མི་རུང་བ་དེ་ཡིན། གཏིང་ཟབ་ཅེས་པ་ནི་དེ་འདྲ་ཡིན་པ་ཤེས་ལ་དེ་འདྲ་ཡིན་ལུགས་ཀྱང་ཤེས་པ་དང་ཅི་ཞིག་ཡིན་པ་ཤེས་ལ་རྒྱུ་མཚན་དང་ཇི་ལྟར་སྒྲུབ་དགོས་ལུགས་ཀྱང་ཤེས་པར་བྱས་ནས་མཐའ་གསལ་མཐིལ་རྟོགས་དངོས་འབྲེལ་བྱེད་པ་དེ་ཡིན། ཡང་དག་ཅེས་པ་ནི་སྲིད་ཇུས་ཀྱི་མཚམས་ཚད་དང་ཚད་གཞི་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱས་ནས་སྒྲུབ་དགོས་པ་དེ་ངེས་པར་དུ་སྒྲུབ་པ་དང་། སྒྲུབ་ཐུབ་པ་དེ་ཧུར་ཐག་སྒྲུབ་པ། སྒྲུབ་མི་རུང་བ་དེ་གཏན་ནས་མི་སྒྲུབ་པ་བཅས་བྱེད་པ་དེ་ཡིན།

    ཞི་ཅིན་ཕིང་གིས་གསུངས་དོན། རང་རྒྱལ་གྱི་འཕེལ་རྒྱས་ནི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་གནས་དང་གཏན་འཁེལ་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་གནས་ཡོད། ང་ཚོས་དུས་བབ་ལ་དབྱེ་ཞིབ་བྱེད་སྐབས། རྒྱུ་རྐྱེན་སྣ་ཚོགས་ལ་བསམ་བློ་ཚགས་ཚུད་གཏོང་དགོས་པ་མ་ཟད། དེའི་ཁྲོད་ཀྱི་འགག་རྩའི་རྒྱུ་རྐྱེན་ཁ་ཤས་དཔེར་ན་རྒྱལ་སྤྱིའི་དུས་བབ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ། ཐོན་ལས་འཕོ་འགྱུར་སོགས་ཀྱི་འགྱུར་ལྡོག་གསར་པའང་ཁོང་དུ་ཆུད་མཁས་པོ་བྱེད་དགོས། སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་མཐོ་འཛེགས་རྒྱང་ལྟ་བྱས་ཏེ་འཐབ་ཇུས་ཐད་ངེས་ཤུགས་རྒྱུན་འཁྱོངས་དང་འཐབ་རྩལ་ཐད་འཆར་འགོད་ཞིབ་ཚགས་བཏིང་ནས་རང་རྒྱལ་འཕེལ་རྒྱས་གཏོང་བའི་གཏན་འཁེལ་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང་ཐོན་ལས་མ་ལག་སྤྱི་ཡོངས་ནས་མགྱོགས་མྱུར་འཕར་བར་བྱེད་པ་ནི་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་རེད། ས་ཁུལ་ཁག་དང་ལས་རིགས་ཁག་གིས་ངེས་གནས་གནད་ལ་འཁེལ་པོ་བཙལ་ནས་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། དགེ་མཚན་ཆེ་རིགས་བཏོན་ཏེ་གོང་འོག་ཐོན་ལས་ཕན་ཚུན་འབྲེལ་མཐུད་དང་། སོ་སོའི་ལེགས་ཆ་འདོན་སྤེལ། ཕྱོགས་གཅིག་ལ་ཤུགས་རྒྱག་པ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་ལུགས་མཐུན་རྒྱུན་འཁྱོངས་བྱས་ནས་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། རང་རྒྱལ་ལ་མི་འབོར་མང་བ་དང་། ཁྲོམ་ར་རྒྱ་ཆེ་བ། ཐོན་ལས་སྣ་ཁ་འཛོམས་པ། འཕེལ་རྒྱས་སྒུལ་ནུས་ཆེ་བ་བཅས་ཡོད་པས། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་གཏོད་པའི་ཆ་རྐྱེན་ལྡན་ཡོད། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འཛད་སྤྱོད་དང་མ་འཇོག་དབར་དང་དགོས་མཁོ་དང་མཁོ་སྤྲོད་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། དམངས་འཚོར་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ་དང་དངོས་པོར་མ་འཇོག་དང་མི་སྐྱོང་མ་འཇོག་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་སྤུས་ཚད་མཐོ་རུ་དང་ནུས་ཕྱོད་ཆེ་རུ་ཧུར་ཐག་བཏང་ནས། ནང་མཁོ་དེ་ཉིད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་འགྱུར་བར་བྱེད་དགོས། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་སྟོབས་ཆེར་བཏང་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་རང་བརྟེན་རང་བཞིན་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་རྒྱུན་འཁོར་རྒྱ་སྐྱེད་དང་རྒྱལ་ནང་གི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་བཏང་སྟེ། ཕྱི་ནང་མཉམ་འབྲེལ་དང་ཕན་ཚུན་སྐུལ་འདེད་དང་ཡར་རྒྱས་ཧུར་ཐག་ཡོང་བར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་ལ་གཅིག་རྟེན་ཡིན་པས་ངེས་པར་དུ་མཐུན་སྦྱོར་མཉམ་སྐྱོད་བྱེད་དགོས། དམངས་འཚོ་ལེགས་སུ་གཏོང་བ་དེ་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་དུ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དུས་མཚུངས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བརྟན་པོ་གཏོང་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་ཁྲིམས་སྐྱོང་གི་འགན་སྲུང་བྱེད་ཤུགས་ཆེ་རུ་དང་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་ཉེན་ཁ་སྣ་ཚོགས་ནུས་ལྡན་ངང་འགོག་ཟོན་དང་བསལ་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་འགོད་པ་དང་། དམངས་གཙོའི་སྒོ་ནས་ཐབས་ཇུས་འགོད་པ། ཁྲིམས་ལྟར་ཐབས་ཇུས་འགོད་པ་བཅས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་དང་ས་གནས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་རྩ་གནད་དང་ཆེད་དོན་འཆར་འགོད་ཡག་པོ་བཟོ་དགོས། ས་གནས་ཀྱི་འཆར་འགོད་དང་ཆེད་དོན་འཆར་འགོད་དེ་རྒྱལ་ཁབ་སྤྱི་ཡོངས་ཀྱི་འཆར་འགོད་དང་འབྲེལ་མཐུད་ཡག་པོ་བྱས་ཏེ། རྒྱལ་ཁབ་སྤྱི་ཡོངས་ཀྱི་འཆར་འགོད་ཀྱི་དགོངས་དོན་དང་བླང་བྱ་མངོན་པར་བྱེད་པ་དང་དུས་མཚུངས། ཡུལ་བབ་དང་ལས་བབ་དང་བསྟུན་ནས་དགོས་མཁོ་དང་སྲིད་པ་གཉིས་གཅིག་གྱུར་ཡོང་བར་བྱས་ཏེ། གཏན་ལ་འཁེལ་ཕྱིན་སྒྲུབ་ཐུབ་པ་དང་། དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་ལེགས་གྲུབ་བདེ་བླག་ཡོང་བར། ངེས་པར་དུ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། རིམ་ཁག་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྩོན་ཞིབ་ཀྱིས་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་དང་དངོས་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ། དོན་དངོས་ནས་འགོ་འཛུགས་པ་དང་ཆོས་ཉིད་ལྟར་ལས་དོན་སྒྲུབ་པ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་མི་དམངས་ལ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། དཔའ་ངར་ཆེར་སྐྱེད་དང་དཀའ་བར་མ་འཛེམས་པར་མདུན་དུ་སྐྱོད་ཕོད་པ་བྱས་ནས་ཉེན་ཁ་སེལ་བ་དང་། འགྲན་སློང་བསུ་བ། འགག་གནད་ལས་སྒྲོལ་བ་བཅས་བྱེད་མཁས་པོ་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་གྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་ཀྱིས་གོམ་པ་གཅིག་ཀྱང་སྤོ་མཚམས་མི་འཇོག་པ་དང་གོམ་པ་ཕྱེད་ཙམ་ཡང་ཕྱིར་བཤོལ་མི་རྒྱག་པར། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།

    ལི་ཆང་གིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་དུས་བབ་ཕྱག་གཟིགས་དང་། དོན་སྙིང་ཟབ་པ། མི་རྣམས་ལ་ཡར་སྐུལ་ཐེབས་པ་བཅས་ཡིན་ལ། ཆབ་སྲིད་ཀྱི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཀྱང་ཆེན་པོ་ལྡན་ཡོད་པས། ཏང་ཡོངས་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བྱེད་ཕྱོགས་དང་། དམིགས་ཚད་གཙོ་བོ། གཙོ་གནད་ལས་འགན་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁ་ཐོབ་ངེས་པའི་གདེང་ཚོད་ཆེ་རུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། སྙིང་བཅུད་སྙིང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་རྒྱུས་ལོན་གཏིང་ཟབ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ནས། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཡོང་བར་བྱེད་དགོས། སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་དངོས་སྒྲུབ་ཀྱི་ལས་རྗེས་དངོས་ལ་བསྒྱུར་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པ་ཐོབ་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།