དངོས་སྦྱོང་སློབ་སྐྱོར་ལས་ལ་གཞོལ། གངས་ལྗོངས་ས་མཐོར་གསོན་ཤུགས་བསྣན།

འདི་ནི་ཧྲའན་ཤིས་དགེ་འོས་སློབ་ཆེན་གྱི་སློབ་མ་བདེ་གཡང་གིས་ལྷ་ས་མཐོ་འབྲིང་གཉིས་པར་ས་ཁམས་སློབ་ཚན་འཁྲིད་བཞིན་པ།

འདི་ནི་དགེ་འོས་ཆེད་ལས་སློབ་མ་དབྱང་ཕེང་ཤིན(གཡོན་གྱི་གཉིས་པ)གྱིས་སློབ་མ་ཁྲིད་དེ་ངལ་རྩོལ་སློབ་ཚན་རིང་རྩྭ་ངན་འགོག་བཞིན་པ།
“རྒན་ཏི་ལགས། ང་ཚོ་ཚང་མས་ཁྱེད་རང་དྲན་གྱི་འདུག ཁྱེད་ག་དུས་ལྷ་སར་ཕེབས་རྒྱུ་ཡིན་ནམ”“སློབ་དུས་འདིར་ངའི་རྩིས་རིག་གི་རྒྱུགས་འབྲས་སྐར་མ་བཅུ་མཐོ་རུ་ཕྱིན་འདུག ཁྱེད་ཀྱིས་སློབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་གངས་ལྗོངས་ས་མཐོ་ནས་བསྐུར་བའི་འཕྲིན་ཐུང་རེ་རེ་བཞིན་འབྱོར་བ་ན། ཧྲའན་ཤིས་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་སློབ་མ་ཏི་ཐེན་ཡུས་ལ་དགའ་ཚོར་ཆེན་པོ་བྱུང་།
2025ལོར། ཏི་ཐེན་ཡུས་དང་སློབ་གྲྭའི་དགེ་འོས་སློབ་མ་45ཡིས་ཕུགས་རེ་བཅངས་ཏེ་བོད་དུ་བསྐྱོད་ནས་དུས་ཡུན་ཟླ་བ་གསུམ་རིང་གི་དངོས་སྦྱོང་སློབ་སྐྱོར་བྱེད་འགོ་ཚུགས། ཀོན་ཀྲུང་ཐང་གཤོངས་ནས་གངས་ལྗོངས་ས་མཐོར་ཡོང་བའི་གཞོན་ནུ་དེ་དག་གིས་ལང་ཚོའི་ཕུགས་བསམ་གྱིས་ཕྱུག་པའི་སློབ་ཚན་ཁྲིད་དེ་ས་མཐོའི་ཕྲུ་གུ་ཚོར་རེ་བ་སྦྱིན་ཡོད།
2010ལོར། ཧྲའན་ཤིས་དགེ་འོས་སློབ་ཆེན་གྱིས་རྒྱལ་ཁབ་ཀྱི་གཞུང་གྲོན་བཏང་བའི་དགེ་འོས་སློབ་མ་ཐོག་མར་བོད་དུ་དངོས་སྦྱོང་བྱེད་པར་བཏང་ཞིང་། ལོ་10ལྷག་ཙམ་རིང་། ཧྲའན་ཤིས་དགེ་འོས་སློབ་ཆེན་གྱི་དགེ་འོས་སློབ་མ་སྟོང་ལྷག་ཙམ་གྱིས་ལྷ་ས་དང་། གཞིས་རྩེ། མངའ་རིས། ལྷོ་ཁ་སོགས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་བསྐྱོད་ནས་སློབ་ཁྲིད་བྱས་ཡོད།
བརྩེ་བའི་རྒྱུན་བསྐྱངས་པ།
ས་བབ་མཐོ་ཚད་ལ་སྨི་4500ཟིན་པའི་བོད་ལྗོངས་ནག་ཆུ་རུ་འཚོ་བ་སྐྱེལ་བ་དང་ལས་ཀ་བྱས་ནས་ལོ་10ལྷག་ཙམ་སོང་བ་ན། ནག་ཆུ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་དབྱིའི་ངོ་གདོང་ནས་ས་མཐོའི་ཉི་འོད་དང་གྲང་རླུང་གི་ཤུལ་རྗེས་གསལ་པོར་མངོན་ལ། ཁོང་གིས“ད་ལྟ་མི་མང་ཆེ་བས་ང་རང་ས་འདིའི་མི་ཡིན་པར་བསམ་གྱི་འདུག”ཞེས་བཤད། ཧྲའན་ཤིས་དགེ་འོས་སློབ་ཆེན་གྱི“བོད་ཀྱི་སློབ་ཁུངས་མིན་ཡང་བོད་དུ་ལས་ཞུགས་གཏན་འཁེལ”གྱི་དགེ་འོས་སློབ་མ་ཁག་དང་པོ་ཡིན་པའི་ངོས་ནས་ཀྲང་དབྱི་ཡིས“དེ་ནི་ཁས་ལེན་ཞིག་ཡིན་ལ་མཉམ་འདྲེས་ཤིག་ཀྱང་ཡིན”ཞེས་བཤད། 2007ལོར། ས་སྐྱེས་རྡོ་སྐྱེས་ཀྱི་ཤིས་ཨན་བ་ཕོ་གསར་དེས་འབྱུང་འགྱུར་ལ་རེ་བ་ཆེན་པོ་བཅངས་ནས་བོད་དུ་བཞུད་པའི་མེ་འཁོར་ལ་བསྡད་པ་རེད།
2010ལོར། ཧྲའན་ཤིས་དགེ་འོས་སློབ་ཆེན་དང་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་དབར་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས“རིག་ཚན་ཁ་གཏད་དང་ཡུན་རིང་མཉམ་སྐྲུན”གྱི་རྩ་དོན་གཏན་འཁེལ་བྱས་ཡོད། 2011ལོ་ནས་ད་བར་དུ་སློབ་གྲྭའི་སློབ་ཐོན་སློབ་མ་884ཡིས་བོད་དུ་དགེ་རྒན་བྱས་པ་དང་། དེ་དག་བོད་ཀྱི་རྨང་གཞིའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་བྱེད་པའི་རྐང་འཛིན་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད།
དངོས་སྦྱོང་སློབ་སྐྱོར་ནང་ཞུགས་པའི་སློབ་མ་ཚོའི་ཉེ་དུས་ཀྱི་གནས་ཚུལ་སྐོར་གླེང་སྐབས། ཧྲའན་ཤིས་དགེ་འོས་སློབ་ཆེན་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གི་དགེ་རྒན་ཆེ་གཞོན་ཕང་ཝུའེ་ཡིས། ལྷོ་ཁ་གྲོང་ཁྱེར་ཆ་ཚང་སློབ་འབྲིང་དུ་མཐོ་འབྲིང་དུ་ལོ་རྒྱུས་སློབ་ཚན་ཁྲིད་བཞིན་པའི་བསྟན་འཛིན་རྡོ་རྗེས་ལོ་གཅིག་ནང་འཛིན་གྲྭའི་ལོ་རྒྱུས་ཀྱི་སྦྱངས་འབྲས་མཇུག་ཤོས་ནས་ལོ་རིམ་གྱི་ཨང་དང་པོར་བསྒྱུར་ཚུལ་དང་། 2023ལོར་ལྷ་སའི་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་དུ་དངོས་སྦྱོང་བྱས་པའི་སྐལ་བཟང་བསྟན་འཕེལ་ད་ལྟ་སླར་ཡང་སློབ་གྲྭ་དེར་ལོག་ནས་སློབ་ཚན་འཁྲིད་བཞིན་ཡོད་པ་སོགས་རེ་རེ་བཞིན་བགྲངས།
ཕང་ཝུའེ་ཡིས“སློབ་མ་མི་ཉུང་བ་ཞིག་དུས་ཐུང་གི་དངོས་སྦྱོང་སློབ་སྐྱོར་བྱས་རྗེས། ཕྱིས་སུ་དེ་གར་གཞིས་ཆགས་ཡོད། ང་རང་གི་སེམས་སུ་ཡང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་སློབ་བུ་དེ་བས་མང་བ་འདིར་སློབ་སྐྱོར་བྱེད་པར་ཁྲིད་ཡོང་ནས་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད”ཅེས་བཤད།
ལག་ལེན་བརྒྱུད་ནས་སློབ་མ་བསྐྱངས་པ།
རྨང་གཞི་ཅུང་་ཞན་པའི་སློབ་མའི་སློབ་སྦྱོང་གི་སྤྲོ་བ་ཇི་ལྟར་སློང་བའི་ཐད་ལ། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་དངོས་སྦྱོང་བྱེད་སྐབས། ཏི་ཐེན་ཡུས་ཀྱིས་གྲོས་གཞི་རྣམ་པའི་སློབ་ཁྲིད་དང་ཡུལ་རྣམ་སློབ་ཁྲིད་སོགས་ཀྱི་སློབ་ཚན་ཁྲིད་ཐབས《ཀུན་སྤྱོད་དང་ཁྲིམས་སྐྱོང》སློབ་ཚན་ཁྲོད་དུ་སྤྱད་ཅིང་། སློབ་མ་ཁྲིད་སྟེགས་ཐོག་ཡོང་ནས་མཉམ་སྤྱོད་བྱ་རྒྱུའི་ལྕག་སྐུལ་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་ནང་དོན་གོ་སླ་བར་བྱས།
“སློབ་མའི་ཡིད་ཆེས་ཐོབ་པར་འགྲོགས་བདེ་གཤིབ་བདེ་དགོས་པ་མ་ཟད། བྱང་ཆུབ་པའི་ཤེས་བྱ་དང་སློབ་ཁྲིད་ཀྱི་འཇོན་ཐང་ཡང་ལྡན་དགོས”ཞེས་ཏི་ཐེན་ཡུས་ཀྱིས་བཤད།
2025ལོར། ལྷ་སའི་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་དུ་དངོས་ཁམས་ཀྱི་དངོས་སྦྱོང་དགེ་རྒན་བྱེད་བཞིན་པའི་མིའུ་རུའེ་ཞུའེ་ཡིས་དངོས་ཁམས་ཀྱི་ཐ་སྙད་དང་སྤྱི་འགྲོས་སློབ་མའི་རྒྱུན་ལྡན་འཚོ་བའི་ནང་སྤྱོད་ཐུབ་པ་བྱས་ཡོད།
“བོད་སྐྱོར་བྱེད་མྱོང་བ་དེ་དགེ་འོས་སློབ་མའི་ངོས་ནས་བརྗོད་ན་ལག་ལེན་གྱི་སློབ་ཚན་ཞིག་ཡིན་པས། ཁོང་ཚོས་དགེ་རྒན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་སེམས་རྟོགས་པར་རམ་འདེགས་ཐུབ་ཡོད”ཧྲའན་ཤིས་དགེ་འོས་སློབ་ཆེན་སློབ་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཡ་ཙེས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཧྲའན་ཤིས་དགེ་འོས་སློབ་ཆེན་གྱིས“ལག་ལེན་བརྒྱུད་ནས་སློབ་མ་སྐྱོང་བ”ཁྲིད་སྟོན་དུ་བྱས་ནས་དངོས་སྦྱོང་སློབ་སྐྱོར་བྱེད་སྟངས་གསར་གཏོད་བྱས་པ་མ་ཟད། བོད་ཀྱི་རིགས་གཅིག་མཁས་ཅན་དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་དངོས་སྦྱོང་ཕྱོགས་སྟོན》བཟོས་པ་དང་། དངོས་སྦྱོང་དང་སློབ་གསོའི་རོགས་སྐྱོར་ལས་དོན་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་གངས་ལྗོངས་ས་མཐོའི་སློབ་ཚན་ལ་མུ་མཐུད་གསོན་ཤུགས་བསྣན་ཡོད།
ཧྲའན་ཤིས་དགེ་འོས་སློབ་ཆེན་གྱི་དངོས་སྦྱོང་སློབ་སྐྱོར་སློབ་མས་རིག་ཚན་སློབ་ཁྲིད་ཀྱི་འགན་འཁུར་བ་མ་ཟད། ཆེད་ལས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་དང་། སེམས་ཁམས་བདེ་ཐང་སློབ་གསོ། སྐྱེ་ཁམས་སྲུང་སྐྱོང་སློབ་གསོ། མཛེས་རྩལ་ལུས་རྩལ་སོགས་ཁྱད་ལྡན་སློབ་ཚན་ཁྲིད་ནས་བོད་ཀྱི་ཕྲུ་གུ་ཚོ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ཡོད།
2012ལོར་ཧྲའན་ཤིས་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་པའི་སློབ་ཐོན་སློབ་མ་ལི་ཁྲེན་ཀོང་གིས་2019ལོར་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་སློབ་གསོའི་ཤེས་ལྡན་པ་ཁག་དགུ་པའི་ངོས་ནས་ལྷ་སའི་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་དུ་སློབ་སྐྱོར་བྱེད་པར་ཡོང་བ་དང་། དེ་གའི་སློབ་མ་ཚོར་སློབ་ཕྱིའི་ཀློག་དེབ་མི་འདང་བ་ཤེས་སྐབས། ལི་ཁྲེན་ཀོང་ལ་འཛིན་གྲྭའི་ནང་དཔེ་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར།
དུས་ཐུང་ལོ་འགའི་རིང་། ལི་ཁྲེན་ཀོང་གིས་བཙུགས་པའི་དཔེ་ཁང་དེ་ཐོག་མར་དཔེ་དེབ་60ལས་མེད་པ་ནས་དེབ་ཁྲི་5ཙམ་བར་མང་དུ་ཕྱིན་པ་དང་། རྐུབ་སྟེགས་120ཡོད་པའི་དཔེ་མཛོད་ཁང་དུ་འཕེལ་རྒྱས་བྱུང་ཡོད། དཔེ་ཁང་བཙུགས་པ་དེས་ལྷ་སའི་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་གི་སློབ་མར་ཕན་པ་ཐོབ་པ་མ་ཟད། མངའ་རིས་ས་ཁུལ་གྱི་སློབ་གྲྭ་གཞན་དག་ལའང་དཔེ་སྟོན་གྱི་ནུས་པ་ཐོན་ཡོད།
ལེགས་སྐྱེས་འབུལ་མཁན་དཔུང་ཁག་ཅིག་ཆགས་པ།
ཧྲའན་ཤིས་དགེ་འོས་སློབ་ཆེན་ཁྲང་ཨན་སློབ་ཁུལ་མར་ཁེ་སི་རིང་ལུགས་སློབ་གླིང་གི་སློབ་ཁང་ནང་བསམ་བློ་ཆབ་སྲིད་ཆེད་ལས་ཀྱི་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་འཇམ་དབྱངས་བུ་ཁྲིད་ཀྱིས་སློབ་དེབ་ལ་ནན་ཏན་ངང་ལྟ་ཞོར་དུ་སློབ་ཁྲིད་འཆར་ཟིན་ལ་བཟོ་བཅོས་རྒྱག་བཞིན་འདུག ཟླ་བ་འགའི་རྗེས་སུ་ཁོང་ཕ་ཡུལ་བོད་དུ་ལོག་ནས་དངོས་སྦྱོང་སློབ་སྐྱོར་ནང་ཞུགས་རྒྱུ་ཡིན་པ་རེད།
འཇམ་དབྱངས་བུ་ཁྲིད་འདྲ་བའི་བོད་ནས་ཡོང་བའི་གཞུང་གྲོན་དགེ་འོས་སློབ་མ་ཕུད། ད་དུང་ཞིང་ཆེན་གཞན་ནས་ཡོང་བའི་སློབ་གྲོགས་དེ་བས་མང་བས་བོད་ཀྱི་ས་གཞི་ཆེན་པོ་མི་གསོ་སྐྱོང་གི་ཕུགས་འདུན་གྱི་འགོ་ཚུགས་སར་རྩི་གི་ཡོད། ཧྲའན་ཤིས་དགེ་འོས་སློབ་ཆེན་ས་ཁམས་ཚན་རིག་དང་ཡུལ་སྐོར་སློབ་གླིང་གི་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་ཧུའུ་ཅིང་གིས“རྒན་ལགས་ཀྱིས་སློབ་ཚན་ཐོག་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རང་བྱུང་ས་ཁམས་འཁྲིད་པ་དང་། སློབ་གྲྭའི་རླུང་འཕྲིན་ནས་ཀྱང་སློབ་གྲོགས་རྒན་པ་ཚོ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པའི་སྐོར་རྒྱུན་དུ་སྒྲོག་བཞིན་པས། རང་ཉིད་ལ་མཚོན་ན་བོད་ནི་ཧ་ཅང་རྒྱུས་མངའ་ཆེ་བའི་ཡུལ་ཞིག་ཡིན”ཞེས་བཤད།
བོད་ཀྱི་སློབ་གསོའི་དགོས་མཁོར་དམིགས་ནས། ཧྲའན་ཤིས་དགེ་འོས་སློབ་ཆེན་གྱིས“ཚོགས་སྒྲིག་རྣམ་པའི”དགེ་རྒན་དཔུང་ཁག་ལེགས་སུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་ཤིང་། མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན་གྱིས་འཐབ་ས་དང་པོའི་དགེ་རྒན་གྲགས་ཅན་ཚོགས་པའི་རུ་ཁག་དང་མཉམ་དུ་གསོ་སྦྱོང་སློབ་ཚན་བཟོས་ཡོད། 2011ལོ་ནས་བཟུང་། རིམ་རྩིས་བརྒྱབ་ན་བོད་ཀྱི་དགེ་རྒན་མི་ཐེངས་4000ལྷག་ཙམ་གསོ་སྦྱོང་བྱས་པ་དེའི་ནང་སློབ་གྲྭའི(སློབ་གླིང)སློབ་སྤྱི་དང་རྐང་འཛིན་དགེ་རྒན་ཡོད་ལ། སེམས་ཁམས་བདེ་ཐང་དང་། ལུས་རྩལ། ཚན་རིག་སོགས་ཁྱབ་ཁོངས་ཀྱི་དགེ་རྒན་ཡང་ཡོད།
ལྷ་ས་ནས་གཞིས་རྩེའི་བར་དང་། མངའ་རིས་ནས་ཉིང་ཁྲིའི་བར་དུ་དངོས་སྦྱོང་སློབ་སྐྱོར་གྱི་ལས་དོན་གང་སར་ཁྱབ་ཡོད། 2023ལོ་ནས་བཟུང“མཐའ་མཚམས་སློབ་གསོའི་སྤུས་ཚད་མཐོར་གཏོང”གི་སྤེལ་རེས་ལག་ལེན་བྱེད་སྒོས་མཐའ་མཚམས་ས་ཁུལ་ལ་བཀྲག་མདངས་གསར་པ་བསྣན། ཧྲའན་ཤིས་དགེ་འོས་སློབ་ཆེན་གྱི་དགེ་སློབ་ནང་སོག་དང་། ཅི་ལིན། ཀོང་ཤིས། ཡུན་ནན། བོད་ལྗོངས། ཤིན་ཅང་བཅས་ཞིང་ཆེན(ལྗོངས)དྲུག་གི་མཐའ་མཚམས་རྫོང(ཆི་དང་གྲོང་ཁྱེར)14དང་ཧའེ་ནན་སན་ཧྲ་གྲོང་ཁྱེར་ཡུང་ཤིན་གླིང་ཕྲན་དུ་བསྐྱོད་ནས“བསམ་བློ་ཆབ་སྲིད་ཀྱི་སྐོར་སྐྱོད་སློབ་ཚན་ཆེན་པོ”བཏོད་ཡོད། དྲ་ཐོག་སློབ་ཚན་ནས་སློབ་མ་ཏང་ཡོན་169ཡིས་ས་གནས་དེ་གའི་ཕྲུ་གུ་དང་ཆ་སྒྲིག་བྱས་ནས་ཆུ་ཚོད་760ལྷག་ཙམ་ཟིན་པའི་རྒྱང་ཁྲིད་སློབ་ཚན་ཁྲིད་ཡོད།
ཧྲའན་ཤིས་དགེ་འོས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཞའོ་པིན་གྱིས་སློབ་གྲྭས་ཚུགས་གནས་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ནན་པར་བརྟེན་ནས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་དང་བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོ་གནད་ལ་འཁེལ་པོས་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལས་འགན་དང་འགན་འཁྲི་བསྒྲུབ་རྒྱུ་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།