ཨ་རིའི་དཔོན་རིགས་ཀྱིས་གཅིག་བྱས་ན་མིང་ཉི་སུའུ་ཏཱ་ཀྲོའུ་ལ་གདུགས་དམག་1500ཙམ་བཀོད་སྒྲིག་བྱེད་ཀྱི་ཡིན་ཞེས་བརྗོད་པ།
ཉེ་ཆར། ཨ་རིའི་སྨྱན་སྦྱོར་གྱིས་ཨ་རིའི་རྒྱལ་སྲུང་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་མཁའ་མཆོང་ཁྲི་ཤོག་11པའི་གདུགས་དམག་1500ཙམ་ཉེན་ཟོན་གྲ་སྒྲིག་བྱས་ནས་བསྡད་ཡོད་པ་དང་། གཅིག་བྱས་ན་ཁོང་ཚོ་མིང་ཉི་སུའུ་ཏཱ་ཀྲོའུ་ལ་བཀོད་སྒྲིག་བྱེད་ཀྱི་རེད་ཅེས་བརྗོད་པ་རེད།
《ཝ་ཧྲེང་ཐོན་སྦྲག་སྲིད་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་སྐམ་དམག་གིས་བཀོད་སྒྲིག་སྟ་གོན་བཀའ་རྒྱ་བསྒྲགས་ནས་བྱ་སྤྱོད་དེ་ནི་མིང་ཉི་སུའུ་ཏཱ་ཀྲོའུ་ཡི་གཏུམ་སྤྱོད་ཤུགས་ཆེར་མི་འགྲོ་བར་བྱེད་པའི“གཟབ་ནན་གྱི་འཆར་འགོད”ཅིག་ཡིན་ཞེས་བརྗོད་པ་དང་། ཨ་རིའི་རླུང་འཕྲིན་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། མཁའ་མཆོང་ཁྲི་ཤོག་11པའི་དམག་མི་ཚོ་གུང་གསེང་ལ་རྟེན་གཞིར་བསྐོངས་ནས་འཕྲལ་སྒྲུབ་དཔུང་སྡེའི་ཚུལ་དུ་དུས་དང་རྣམ་པ་ཀུན་ཏུ་བཀའ་བསྒུགས་ནས་བསྡད་ཡོད་པ་རེད།
ཟླ་འདིའི་ཚེས་7ཉིན། ཨ་རིའི་གནས་སྤོས་ཡུལ་མི་དང་འགག་སྒོ་ཁྲིམས་སྒྱུར་ཅུས་ཀྱི་མི་སྣས་མིང་ཉི་སུའུ་ཏཱ་ཀྲོའུ་ཡི་གྲོང་ཁྱེར་ཆེ་ཤོས་མིང་ཉི་ཨ་པོ་ལི་སི་རུ་ཁྲིམས་འགལ་གནས་སྤོས་ཡུལ་མི་འཛིན་བཟུང་བྱེད་སྐབས། རླངས་འཁོར་གཏོང་བཞིན་པའི་ལོ་ན་37གྱི་ཨ་རིའི་བུད་མེད་ལེ་ཨེན·ཉི་ཁེར·ཀུའུ་ཏེ་ལ་མེ་མདའ་བརྒྱབ་ནས་བསད་པ་དེས་ས་གནས་དེ་གའི་དུས་བབ་ཛ་དྲག་ཏུ་ཕྱིན་ནས་ཨ་རི་ཡོངས་ཀྱི་གླེང་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཉིན་ཤས་བསྟུད་མར། མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་དུ་རྒོལ་གཏམ་གཏོང་བའི་བྱེད་སྒོ་རྒྱུན་ཆད་མེད་པར་སྤེལ་བ་མ་ཟད་ད་དུང་གདོང་ཐུག་ཀྱང་ཐོན་ཡོད་པ་རེད། ཚེས་17ཉིན། མིང་ཉི་སུའུ་ཏཱ་ཀྲོའུ་ཡི་དཔོན་རིགས་ཀྱིས། ཀྲོའུ་དེའི་རྒྱལ་དམངས་ཉེན་སྲུང་རུ་ཁག་གིས“བཀའ་བསྒུགས”ནས་བསྡད་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།