ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་།
ཞབས་ཞུ་སྒྲུབ་སྟངས་སྣ་ཁ་འཛོམས། ཚེ་མཇུག་འཚོ་བ་བདེ་ཞིང་སྐྱིད།
ད་ལོ་ནས་བཟུང་ལྷུན་གྲུབ་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་སྣེ་ཁྲིད་འོག“ཁྱིམ་སྡོད་རྨང་གཞིར་བྱེད་པ་དང་། སྡེ་ཁུལ་ལ་བརྟེན་པ། ལས་ཁུངས་ཀྱིས་འདེགས་སྐྱོར་བྱེད་པ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ”གྱི་ལྟེ་བའི་སྒྲོམ་གཞིར་བརྟེན་ནས་སྣེ་མང་ཅན་དང་། སྣ་མང་ཅན། རིམ་པ་མང་བ་བཅས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་བསྐྲུན་ཏེ། རྒན་གསོ་ཁང་དང་། གྲོང་གསེབ་ཀྱི་བདེ་སྐྱིད་སྤྲོ་ཁང་། ཉིན་མོའི་ལྟ་སྐྱོང་ལྟེ་གནས་བཅས་ལ་རོགས་རམ་བྱེད་པ་དེ་སྒོ་རྩར་བསྐྱོད་ནས་ཞབས་ཞུ་ཆེད་སྒྲུབ་ཚན་ཁག་དང་གནད་སྨིན་འབྲེལ་མཐུད་བྱས་ཏེ། ཟ་མ་ཚ་པོ་གཅིག་དང་། སློབ་ཁྲིད་གཅིག རོགས་རམ་གཅིག་བཅས་བྱས་ནས་རྒན་རྒོན་རྣམས་ཚེ་མཇུག་སྐྱིད་པོ་ཡོང་བར་བྱས་ཡོད།
དགོས་མཁོ་བསྐངས་ནས་དམངས་འཚོ་འགན་སྲུང་གི་རྨང་གཞི་བརྟན་དུ་བཏང་བ།
ལྷུན་གྲུབ་རྫོང་དེ་ཉིད་ལྷ་སའི་བྱང་རྒྱུད་དུ་ཡོད་ཅིང་། རྫོང་ཡོངས་སུ་ལོ་60ཡན་གྱི་རྒན་རྒོན་7616ཡོད་པ་དེས་ཐེམ་ཁོངས་མི་འབོར་གྱི་11.6%བཟུང་ཡོད། གཞོན་ནུ་ཕལ་མོ་ཆེ་ཕྱིར་གླ་པ་རྒྱུག་པར་ཕྱིན་པར་བརྟེན་རྒན་རྒོན་ཚོར་ཉིན་མོ་ལྟ་སྐྱོང་དང་གཡོག་རྒྱུག་མཁན་ཁ་ཚ་དགོས་གཏུགས་ཡིན་པའི་གནད་དོན་ལ་དམིགས་ནས་ལྷུན་གྲུབ་རྫོང་གིས་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་བཙུགས་པ་རེད། ཁེར་སྡོད་དང་ལོ་ན་མཐོ་བའི་རྒན་རྒོན་གྱིས་ཟ་མ་བཟོ་མི་ཐུབ་པ་དང་རྐང་ལག་ཐང་པོ་མེད་པ་བཅས་ལ་དམིགས་ནས་རྫོང་དེས་རྒན་རྒོན་ལ་རོགས་པ་བྱ་རྒྱུ་དེ་དམངས་འཚོའི་དམ་འཛིན་བྱ་གཞིར་བརྩིས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཞབས་ཞུའི་ས་ཚིགས་བཙུགས་ཡོད།
གསར་འགོད་པས་ལྷུན་གྲུབ་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་ལམ་ལས་དོན་པས་རྫོང་ཡོངས་ཀྱི་རྒན་རྒོན་གྱི་མི་འབོར་གྱི་ཁྱབ་ཚུལ་མཐིལ་རྟོགས་གཏིང་ཟབ་བྱས་ནས་འགྲིམ་འགྲུལ་དང་ས་གནས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་རྒན་རྒོན་གཅིག་འདུས་ཆེ་བ་དང་སྒྲིག་ཆས་འཐུས་སྒོ་ཚང་བའི་ས་ཁོངས་སུ་སྔོན་ལ་ཟ་ཁང་བཙུགས་ཤིང་། མིག་སྔར་ཤང་དང་གྲོང་རྡལ་5ལ་ཁྱབ་ཡོད། རྒྱུ་ཆ་ཉོ་སྒྲུབ་ནས་སྡེབ་སྐྱེལ་བར་གྱི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་ཡོང་བར་བྱས་པ་མ་ཟད། ཚལ་འཚོང་མཁན་དང་གན་རྒྱ་བཞག་པ་དང་ཚད་ལྡན་ཅན་གྱི་ཐབ་ཚང་ལ་ཆེད་ལས་ཀྱི་མ་བྱན་བཀོད་སྒྲིག་བྱས་པ་དང་ཆབས་ཅིག ཟ་མ་སྐྱེལ་མཁན་ཚོགས་ཆུང་བཙུགས་ནས་རྐང་ལག་ཐང་པོ་མེད་པའི་རྒན་རྒོན་ཚོར་ཟ་མ་སྐྱེལ་གྱི་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ད་བར། རྫོང་ཡོངས་ཀྱི་རྒན་རྒོན་མི་ཐེངས་22188ལ་ལྟོ་བསྐྱལ་བ་དང་། དེའི་ནང་རྒན་གསོའི་ཞབས་ཞུ་ལྟེ་གནས་ཀྱིས་རྒན་རྒོན་མི་ཐེངས་12995ལ་ལྟོ་བསྐྱལ་བ་དང་རོགས་རེས་རྒན་གསོའི་ས་ཚིགས་ཀྱིས་རྒན་རྒོན་མི་ཐེངས་9193ལ་ལྟོ་བསྐྱལ་ཡོད།
བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་རྒན་རྒོན་ཚོར་བདེ་སྐྱིད་ཀྱི་འོད་སྣང་སྦྱིན་པ།
ལྷུན་གྲུབ་རྫོང་གི་རྒན་གསོའི་ཞབས་ཞུའི་ས་ཚིགས་ཁག་སྔ་ས་ནས་རྒན་རྒོན་ཚོའི“སྤྲོ་སྣང་ལྡན་པའི་ཁྱིམ་ཚང”དུ་གྱུར་ཅིང་། ཟ་མ་ཟ་སར་རྩེད་ཆས་སྣ་ཚོགས་ཡོད་པས་རྒན་རྒོན་ཚོས་ཟ་མ་ཟ་ཞོར་རྩེད་མོ་རྩེ་ཆོག་ལ་ཅི་འཕྲོས་མོལ་འཕྲོས་ཀྱང་བྱེད་ཆོག
“སྔོན་མ་ཁྱིམ་དུ་གཅིག་པུར་ལུས་པས་ཧ་ཅང་ཡུལ་པོ་འདུག ད་ཆ་འདི་གར་བོད་ཡིག་སྦྱོང་བ་དང་རྩེད་མོ་སྣ་ཚོགས་རྩེ་ཆོག་པས་ཡུལ་པོའི་སྣང་བ་མི་འདུག”ཅེས་ལོ་60ལྷག་ཙམ་ལ་སླེབས་པའི་བགྲེས་སོང་ཟླ་བས་རང་ཉིད་ཀྱིས་བྲིས་པའི་བོད་ཡིག་ཡིག་གཟུགས་སྟོན་གྱིན་དེ་ལྟར་བརྗོད་བྱུང་། དེ་གར་སློབ་སྦྱོང་གི་སྤྲོ་སྣང་ཟབ་ཅིང་། རྒན་རྒོན་ཚོས་བོད་ཡིག་སྦྱོང་བ་དང་སོལ་དལ་གྱི་ལུས་རྩལ་རྩེད་ཆོག་ལ། རིག་རྩལ་འཁྲབ་སྟོན་དང་། དུས་ཆེན་གྱི་འཚམས་འདྲིའི་བྱེད་སྒོ ལག་ཤེས་འགྲན་བསྡུར་སོགས་ལ་ཞུགས་ཆོག་པས་རྒན་རྒོན་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།
ལྟ་སྐུལ་དོ་དམ་ནན་དུ་བཏང་ནས་དྲོ་སྐྱིད་ཚོར་སྣང་ཟབ་ཏུ་བཏང་བ།
སྤུས་ལེགས་ཀྱི་རྒན་གསོའི་ཞབས་ཞུ་ནི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་འགན་སྲུང་དང་ཁ་འབྲལ་ཐབས་མེད། ལྷ་ས་གྲོང་ཁྱེར་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཛུབ་ཁྲིད་ལྟེ་གནས་ཀྱིས་རྒན་གསོའི་ཞབས་ཞུའི་ཕྱོགས་བསྡུས་ལས་སྟེགས་དང་སྐད་འཕྲིན་ལས་དོན་ཚོགས་པར་བརྟེན་ནས་དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་གྱི་ལྟ་སྐུལ་དོ་དམ་མ་ལག་བཙུགས་ཏེ། རྒན་གསོའི་ཟ་ཁང་གི་འཕྲོད་བསྟེན་དང་། ཟ་མ་མཁོ་འདོན་གྱི་ཆ་འཕྲིན་ཡོངས་བསྒྲགས། མེ་ཟོན་བདེ་འཇགས། ཞབས་ཞུའི་རྣམ་འགྱུར་སོགས་ལ་རྒྱུན་དུ་ཞིབ་བཤེར་བྱས་ནས་ལྟ་སྐུལ་དོ་དམ་གྱི་ཁུག་ཆ་མི་ལུས་པ་བྱེད་ཀྱི་ཡོད།
ཚ་སོབ་སོབ་ཀྱི་ཟ་མ་སྐྱེལ་བ་ནས་མི་སེམས་དྲོ་བའི་སློབ་ཚན་བར་དང་། སྒོ་རྩར་ལྟ་རྟོག་བྱེད་པ་ནས་མཉམ་སྡེབ་བྱེད་སྒོའི་སྤྲོ་སྣང་བར། ལྷུན་གྲུབ་རྫོང་གིས་རྫོང་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་གི་གསར་གཏོད་ཚོད་ལྟ་གོ་སྐབས་སུ་བྱས་ནས་རྒན་གསོའི་ཞབས་ཞུའི་དྲ་རྒྱ་ཚགས་དམ་དུ་བཏང་སྟེ་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་དང་སྤུས་ཚད་ལེགས་སུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།