“མྱུར་སྐྱེལ་གཞོན་ནུར་ཞབས་འདེགས་ཞུ་བའི་ཟླ་བའི”བྱེད་སྒོ་འགོ་ཚུགས་པ།

ཀན་སུའུ་ཞིང་ཆེན་ཀྲང་དབྱི་གྲོང་ཁྱེར་ཀའོ་ཐའེ་རྫོང་གིས་མི་སེམས་དྲོ་བའི་ས་ཚིགས་20ལྷག་ཙམ་བཙུགས་ནས་ཁང་ཕྱིའི་ངལ་རྩོལ་པར་ཞབས་འདེགས་ཞུས་ཤིང་། འདི་ནི་ཀན་སུའུ་ཞིང་ཆེན་ཀྲང་དབྱི་གྲོང་ཁྱེར་ཀའོ་ཐའེ་རྫོང་གི་མི་སེམས་དྲོ་བའི་ས་ཚིགས་གསར་པར་མྱུར་སྐྱེལ་བས་མིག་མངས་རྩེ་བཞིན་པ།

ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་གྱིས་མྱུར་སྐྱེལ་བར་གཅེས་སེམས་སྤྱི་ཤག་མང་པོ་བསྐྲུན་ནས་དེའི་ནང་ཟ་ཁང་དང་སྐྲ་ཁང་སོགས་བཀོད་སྒྲིག་བྱས་ཡོད། འདི་ནི་ཆིང་ཏའོ་གྲོང་ཁྱེར་ལི་ཚང་ཆུས་ཀྱི“མྱུར་སྐྱེལ་དྲོ་སྐྱིད་ཁྱིམ་གཞིས”ཀྱི་ལས་དོན་པས་མྱུར་སྐྱེལ་བའི་མལ་གདན་ལ་ཞིབ་བཤེར་བྱེད་བཞིན་པ།
ཉེ་ཆར། རྒྱལ་ཁབ་སྦྲག་སྲིད་ཅུས་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་བརྡ་ཐོ་བཏང་དོན། མྱུར་སྐྱེལ་གཞོན་ནུར་ཕྱོགས་ནས་ཟླ་དང་པོ་ནས་ཟླ་གསུམ་པའི་ཟླ་སྟོད་བར། 2026ལོའི“མྱུར་སྐྱེལ་གཞོན་ནུར་ཞབས་འདེགས་ཞུ་བའི་ཟླ་བའི”བྱེད་སྒོ་མཉམ་དུ་སྤེལ་རྒྱུ་ཡིན་པ་རེད། མྱུར་སྐྱེལ་བར་གཅེས་སྐྱོང་བྱེད་པའི“གཅེས་སེམས་བྱ་སྤྱོད”ཧུར་ཐག་སྤེལ་ནས་ཤར་བགྲོད་སྟབས་བདེའི་ལམ་སྲོལ་འཛུགས་པ་དང་ཞབས་ཞུའི་ས་ཁོངས་བཀོད་སྒྲིག་སོགས་ལ་སྐུལ་འདེད་བཏང་སྟེ། མྱུར་སྐྱེལ་བ“ནང་དུ་འཛུལ་དཀའ་བ་དང་། བསྐུར་མ་སྐྱེལ་དཀའ་བའི”གནད་དོན་ཐག་གཅོད་བྱ་རྒྱུ་རེད།
བརྡ་ཐོའི་ནང་བསྟན་དོན། ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། ལས་འཛོལ་གྱི་ཉེན་ཁར་དོགས་ཟོན་ཏན་ཏིག་བྱེད་དགོས། ཁེ་ལས་ཀྱིས་བསྐུར་མ་མང་དུས་ཀྱི་གླ་ཕོགས་ཚད་གཞི་ཁ་གསལ་བཟོ་བ་དང་། དུས་ཐོག་ཏུ་སྐྱེལ་གླ་ཆ་ཚང་སྤྲོད་པ། དཔྱིད་གསར་དུས་ཆེན་རིང་གི་ལས་རེས་བཀོད་སྒྲིག་ཡག་པོ་བྱེད་པ། དུས་ཆེན་གྱི་ཁ་གསབ་དང་ལས་གནས་རེས་མོས་དང་ངལ་གསོ་རེས་མོས་ཀྱི་སྲིད་ཇུས་ཁྲིམས་ལྟར་དོན་འཁྱོལ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱིས“ལས་གནས་བརྟན་སྲུང་གི་ཁ་གསབ”དང“མཉམ་འཛོམས་ཀྱི་ཁ་གསབ”སོགས་ཀྱི་སྐུལ་ལྕག་བྱེད་ཐབས་འདོན་པར་སྐུལ་ལྕག་བྱས་ཏེ། ལུགས་མཐུན་གྱི་རེ་འདུན་ཞུ་ལམ་ཤར་གཏོང་དང་ངན་སེམས་བཅངས་ནས་ཐེར་འདོན་བྱེད་པར་བདེན་རྫུན་ཤན་འབྱེད་བྱེད་ཤུགས་ཆེ་རུ་བཏང་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་མྱུར་སྐྱེལ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།