དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི“དབང་ཆ་ཆུང་ངུ”བེད་སྤྱོད་ཚད་ལྡན་དུ་བཏང་བ།

    ​གྲོང་ཚོ་ཁག་1009ལ་གྲོང་ཚོ་རིམ་པའི་ལྟ་སྐུལ་པ་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྥང་ཡོན། ཐང་ཧྥེང་ལའེ།   |     སྤེལ་དུས།  2026-01-21

    དགུན་ཨ་ཧྲང་ད་ཧྲང་གི་དུས་སུ། ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་ཏུང་ཨན་ཆུས་ཏུང་ཚུན་གྲོང་ཚོའི་ཤིང་ཏོག་འབྲི་ཏ་ས་འཛིན་གྱི་དྲོད་ཁང་ནང་ཚ་དྲོད་ཧ་ཅང་ཆེ་བ་དང་གྲོང་ཚོའི་ལས་བྱེད་པས་དྲོད་ཁང་གི་རྣམ་པ་བརྙན་ཐུང་པར་ལེན་བྱེད་བཞིན་མཆིས།

    “ང་ཚོའི་གྲོང་ཚོའི་འབྲི་ཏ་ས་འཛིན་གྱི་དྲོད་ཁང་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་རྣམ་གྲངས་ཀྱི་འབྲེལ་མཐུད་མ་དངུལ་ལ་བརྟེན་ནས་བསྐྲུན་པ་ཞིག་རེད། ན་ནིང་འབྲི་ཏ་ས་འཛིན་གླིང་དེ་ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་ལས་རིགས་ཀྱི་མཛེས་ལྗོངས་རྩེ་གྲའི་ཁོངས་སུ་བདམས་ཡོད” གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས། ཡུལ་མི་ལིའུ་པའོ་ཨན་གྱིས“དེ་སྔ་རྣམ་གྲངས་ཐད་མ་དངུལ་ག་ཚོད་བཏང་བ་དང་མ་དངུལ་གང་དུ་སྤྱད་མིན་དེ་གྲོང་ཚོའི་ལས་དོན་པུའི་གྱང་ངོས་སུ་སྦྱར་བའི་ཤོག་ལྷེ་དེར་ལྟ་དགོས་པ་གང་ཞིག ཚང་མས་ཡིད་ཆེས་དེ་ཙམ་བྱེད་ཀྱི་མེད”ཅེས་བཤད།

    “བློས་བཟོད་མི་བདེ་བ”དེ་རིགས་གྲོང་ཚོ་རིམ་པའི་ལྟ་སྐུལ་པ་སླེབས་རྗེས་གཞི་ནས་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད།

    “གྲོང་ཚོའི་ཡོང་འབབ་རེ་རེ་བཞིན་དང་། འགྲོ་སོང་རེ་རེ་བཞིན། ལག་བསྟར་བྱས་པའི་རྣམ་གྲངས་རེ་རེ་བཅས་ཚང་མར་ང་ཚོས་བརྒྱུད་རིམ་ཧྲིལ་པོའི་རྗེས་སྙེག་ལྟ་སྐུལ་བྱེད་ཀྱི་ཡོད། དངུལ་གྱི་མང་ཉུང་ལ་མ་བལྟོས་པར་རྩིས་ཐོ་རེ་རེ་བཞིན་གྲོང་ཚོའི་དབང་ཆ་ཕྲན་ཚེགས་ཀྱི་ལྟ་སྐུལ་ལས་སྟེགས་དང་གྲོང་དོན་སྒྲོམ་བྱང་ཐོག་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏོང་གི་ཡོད”ཅེས་ཏུང་ཚུན་གྲོང་ཚོའི་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན་དང་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲའོ་དབྱི་ཧྲན་གྱིས་བཤད།

    གྲོང་གསེབ་ཀྱི“དབང་ཆ་ཆུང་ངུ”བེད་སྤྱོད་ཚད་ལྡན་དུ་གཏོང་ཆེད། མུའུ་ཏན་ཅང་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ་ཁག་1009ལ་གྲོང་དོན་ལྟ་སྐུལ་ཨུ་ལྷན་དང་གྲོང་ཚོ་རིམ་པའི་ལྟ་སྐུལ་པ་བཀོད་སྒྲིག་བྱས་ཏེ། གྲོང་ཚོའི་ནོར་དོན་དང་། ལས་གྲྭ་འཛུགས་སྐྲུན། ས་བསྡུ་བཤིག་སྤོའི་ཁ་གསབ། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་མཉམ་སྡེབ་ཐབས་ཇུས་ལམ་ལུགས་དོན་འཁྱོལ་སོགས་ཀྱི་གྲོང་དོན་ལ་ལྟ་སྐུལ་བྱེད་ཀྱི་ཡོད། གྲོང་ཚོ་རིམ་པའི་ལྟ་སྐུལ་པས་ད་དུང་ཆ་འཕྲིན་པའི་འགན་འཁུར་ནས་ཡུལ་མིས་སེམས་ཁྲལ་བྱེད་པའི་དོན་དག་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་གི་ཡོད།

    མུའུ་ཏན་ཅང་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གྲོང་ཚོའི་མཉམ་སྡེབ་ཀྱི“མ་དངུལ་གསུམ”དོ་དམ་དང་། དམངས་ཕན་ཞིང་ཕན་མ་དངུལ་བེད་སྤྱོད། གྲོང་གསེབ་ཀྱི་མ་དངུལ་ལྟ་འདོམས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལས་གྲྭར་ཞིབ་མཆན་འགོད་པ་དང་། ཨར་སྐྲུན། མ་དངུལ་གཏོང་སྤྲོད། རྣམ་གྲངས་ཞིབ་བཤེར་རྩིས་ལེན་སོགས་ཀྱི་གནས་ཚུལ་ལ་རྗེས་སྙེག་ལྟ་སྐུལ་བྱེད་པ་དང་ཆབས་ཅིག ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་རང་བཤེར་རང་བཅོས་དང་། གནད་དོན་ཞིབ་བཤེར་ཐག་གཅོད། དག་ཐེར་དོན་འཁྱོལ་བཅས་བྱས་ཚུལ་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།