གད་སྙིགས་རིགས་དབྱེ་བྱས། ཐོན་ཁུངས་གྲོན་ཆུང་ཐུབ།
ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
“ད་ཆ་ཕྱི་རུ་གད་སྙིགས་དབྱུགས་པར་སྐྱོད་སྐབས་ཚང་མར་སྔོན་ལ་ཁྱིམ་ནས་རིགས་དབྱེ་བའི་གོམས་གཤིས་འཇཌ་ཡོད”ཅེས་བཤད་བཞིན་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲེང་ཀོན་ལྡུམ་རའི་Bཁུལ་གྱི་ཐོག་སོ་གསུམ་པར་སྡོད་མཁན་གྲོང་མི་ཚེ་གཡང(འགྱུར་མིང)གིས་གད་སྙིགས་འགྱིག་ཤོག་གཉིས་རིགས་དབྱེའི་སྙིགས་ཟོམ་ནང་བླུགས། འཚོ་བའི་གད་སྙིགས་ཀྱི་རིགས་དབྱེའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་བརྒྱུད། ད་ཆ་རྣམ་པ་དེ་རིགས་ལྷ་ས་གྲོང་ཁྱེར་གྱི་ཁུལ་ཆུང་མང་པོར་མཐོང་རྒྱུ་ཡོད།
གསར་འགོད་པས་བཅར་འདྲི་བྱེད་སྐབས། ཁུལ་ཆུང་ནང་གི་གནས་གང་སར་རིགས་དབྱེའི་སྙིགས་ཟོམ་བཞག་པ་དང་། བར་ཁྱམས་སོགས་མངོན་ཆེ་སར་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་བརྡ་ཁྱབ་སྦྱར་འདུག་ལ། གཙང་སྦྲ་བས་གད་སྙིགས་ཁུལ་ཆུང་གི་གད་སྙིགས་རིགས་དབྱེ་སར་བསྐྱལ་བ་མ་ཟད། ད་དུང་ཤོག་སྒམ་དང་ཤེལ་དམ་སོགས་ཚུར་བསྡུ་ཆོག་པའི་འཚོ་བའི་གད་སྙིགས་བྱང་ཆུབ་པོས་རིགས་ཕྱེ་ནས་འཇོག་བཞིན་པ་ཤེས།
ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱིས་སྡོད་ཁང་འཛུགས་སྐྲུན་པུའུ་ཡི་2019ལོའི《འཚོ་བའི་གད་སྙིགས་རིགས་དབྱེའི་མཚོན་རྟགས》ཀྱི་གཏན་འབེབས་ལག་ལེན་བསྟར་ཏེ། “ཚུར་བསྡུ་ཆོག་པའི་གད་སྙིགས་དང་། ཐབ་ཚང་གི་གད་སྙིགས། གནོད་ཡོད་གད་སྙིགས། གད་སྙིགས་གཞན་དག”བཅས་རིགས་བཞིའི་ཚད་གཞི་ཁྱབ་གདལ་བཏང་བ་མ་ཟད། ད་དུང་སྙིགས་ཟོམ་ཁྲི་4.19དང་རིགས་དབྱེའི་སྙིགས་ཟོམ་ཆ་ཚང་4138བཙུགས་པ་དང་། རིགས་དབྱེའི་བསྡུ་རུབ་ཁང་130བཙུགས་ཏེ། ཁུལ་ཆུང་དང་། ལས་ཁུངས་དང་ཚན་པ། སྤྱི་པའི་འདུ་གནས། ཚོང་ཁང་ཆེ་གྲས་བཅས་404རུ་རིགས་དབྱེའི་བསྡུ་རུབ་སྒྲིག་ཆས་ཁྱབ་པ་དང་སྦྲགས། འབྲེལ་ཡོད་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།
“ང་ཚོས་དུས་ངེས་མེད་ནང་ཁུལ་ཆུང་ཁག་ཏུ་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། ཁོམ་པ་ཡོད་དུས་ཁུལ་ཆུང་དུ་སྐོར་ཞིབ་བྱས་ནས་གད་སྙིགས་གང་བྱུང་དུ་དབྱུགས་པའམ་ཡང་ན་གད་སྙིགས་འཇོག་སའི་ཉེ་འཁོར་དུ་གད་སྙིགས་དབྱུགས་པ་མཐོང་ཚེ་དུས་ཐོག་ཏུ་གཙང་སེལ་བྱེད་ཀྱི་ཡོད”ཅེས་ཁུལ་ཆུང་གི་འཚོ་བའི་གད་སྙིགས་རིགས་དབྱེའི་མཛུབ་ཁྲིད་པ་སྒྲོན་ལགས་ཀྱིས་བཤད།
གྲངས་གཞི་ལས་མངོན་པར། 2018ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས་འཚོ་བའི་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་ཐེངས་1390ལྷག་ཙམ་བྱས་པ་དང་། བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས་298སྤེལ་བ། ཆེད་དོན་གསོ་སྦྱོང་ཐེངས་112བྱས་པ། དྲིལ་བསྒྲགས་ལག་དེབ་ཁྲི་18ལྷག་ཙམ་དང་དྲིལ་བསྒྲགས་དངོས་པོ་281130ལྷག་ཙམ་སྤྲད་ཡོད། ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་སྲིད་དོན་དྲིལ་བསྒྲགས་པར་གཞི་དང་། ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་པར་གཞི། རོལ་དབྱངས་དང་བརྙན་ཐུང་བཅས་བཟོས་ནས་ཡོངས་བསྒྲགས་བྱས་ཤིང་། ཟུར་ཚད་མང་བའི་དྲིལ་བསྒྲགས་བྱེད་སྟངས་སྤྱད་པས་འཚོ་བའི་གད་སྙིགས་རིགས་དབྱེའི་སྐུལ་སྤེལ་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཁོར་ཡུག་སྲུང་སྐྱོང་དོ་དམ་ཁོའོ་ཡི་ཁོའོ་ཀྲང་འཕྲིན་ལས་རབ་རྒྱས་ཀྱིས་གསར་འགོད་པར། རྨང་གཞིའི་སྒྲིག་བཀོད་ལ་མཆོང་སྐྱོད་ལྟ་བུའི་རིམ་སྤོར་བྱས་ནས་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་འགན་ལེན་བརྟན་པོ་བྱུང་ཞིང་། ད་ཆ་ལྷ་ས་གྲོང་ཁྱེར་གྱིས་ཐབ་ཚང་དང་ཟ་ཁང་གི་གད་སྙིགས་རྐྱང་པའི་དོ་དམ་མ་ལག་བཙུགས་ཏེ། སྤྱི་པའི་སྒྲིག་གཞི་དང་བཟའ་བཏུང་ཁེ་ལས་1100ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། གྲོང་ཁུལ་དུ་གད་སྙིགས་རིགས་དབྱེའི་སྙིགས་ཟོམ་རྦད་དེ་ཁྱབ་པ་དང་། རིག་ནུས་གད་སྙིགས་རིགས་དབྱེའི་སྒྲིག་ཆས་ཆ་ཚང་77སྤྱོད་འགོ་ཚུགས་ཡོད། “གྲོང་ཁུལ་དང་། རྫོང་ཁོངས། ཤང་དང་གྲོང་རྡལ”བཅས་རིམ་གསུམ་བརྒྱུད་འདྲེན་དྲ་རྒྱ་བཙུགས་ཤིང་། ཤང་དང་གྲོང་རྡལ་148དུ་བརྒྱུད་འདྲེན་ས་ཚིགས་བཙུགས་ཡོད། ས་མཐོའི་མཐོ་གྲང་ཁོར་ཡུག་དང་འཚམ་པའི་མེར་སྲེག་དང་ཐབ་ཚང་དང་ཟ་ཁང་སོགས་ཀྱི་གད་སྙིགས་གཙང་སེལ་སྒྲིག་ཆས་སྤྱོད་འགོ་ཚུགས་ཏེ་འཐུས་སྒོ་ཚང་བའི་གད་སྙིགས་རིགས་དབྱེའི་གཙང་སེལ་མ་ལག་བཏོད་ཡོད་ཅེས་བཤད།
དམངས་ཡོངས་ཞུགས་པའི་འཚོ་བའི་གད་སྙིགས་རིགས་དབྱེ་བྱ་ཐབས་ལག་ལེན་བསྟར་བ་ལས་གྲོང་ཁྱེར་གྱི་་ཤེས་དཔལ་ཆུ་ཚད་ལ་མཆོང་སྐྱོད་ལྟ་བའི་འཕེལ་རྒྱས་བྱུང་བ་མངོན། འཚོ་བའི་གད་སྙིགས་རིགས་དབྱེ་ནི་འབོད་ཚིག་ཙམ་མིན་པར། དམངས་ཡོངས་ཞུགས་པའི“ལྗང་མདོག་བྱ་སྤྱོད”ཅིག་རེད། དེ་ཚང་མའི་རང་རྟོགས་ཀྱི་ལག་ལེན་དང་། སྡེ་ཁུལ་གྱི་ལྟ་སྐུལ་མཛུབ་ཁྲིད་ཞིབ་ཚགས། སྲིད་ཇུས་བཙན་ཞིང་ནན་པར་དོན་འཁྱོལ་བཅས་དང་ཁ་འབྲལ་ཐབས་མེད་ལ། དེ་གསུམ་མཉམ་དུ་ཤུགས་འདོན་དང་གོམ་སྟབས་གཅིག་གྱུར་བྱུང་ཚེ། འཚོ་བའི་གད་སྙིགས་རིགས་དབྱེ་དེ“གནས་སྐབས་ཀྱི་བྱེད་ཐབས”ཤིག་ནས“རྒྱུན་ལྡན་གྱི་གོམས་གཤིས”སུ་གྱུར་ཏེ། གྲོང་ཁྱེར་གྱི་ལྗང་མདོག་དང་ཤེས་དཔལ་འཕེལ་རྒྱས་ཀྱི་དམངས་འཚོའི་རི་མོ་ཞིག་ཐུན་མོང་ཐོག་རྩོམ་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།