གསོན་ཤུགས་དེ་བས་ཆེ་བ། རྨང་གཞི་དེ་བས་བརྟན་པ། སྐྱེ་ཁམས་དེ་བས་ཡག་པ།
ཀྲེ་ཅང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་པ།
ཀྲེ་ཅང་གི་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་གསར་པ་ཡིན་པའི་ཀྲེ་ཅང་ཚོད་ལྟ་ཁང་གི“གཟུགས་གསུམ་རྩིས་རྒྱག་སྐར་ཁྱིམ”བཀོད་འདོམས་ལྟེ་གནས་ཀྱི་བརྙན་ཤེལ་ཆེན་པོའི་ནང་རྩིས་རྒྱག་སྲུང་སྐར་12འཁོར་སྐྱོད་བརྟན་པོ་བྱེད་པ་གསལ་པོར་མཐོང་གི་ཡོད་ལ། སྲུང་སྐར་གྱིས་བརྒྱུད་གཏོང་བྱས་པའི་རྒྱང་འཇལ་གྲངས་གཞི་སྐབས་དང་བསྟུན་ནས་བརྗེ་པོ་རྒྱག་གི་ཡོད།
“གཟུགས་གསུམ་རྩིས་རྒྱག་སྐར་ཁྱིམ”དེར་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་དུང་ཕྱུར་80བཀོད་སྒྲིག་བྱས་ཡོད། མིག་སྔར“སྐར་མ་དྲུག་གི་དྲ་ཚོ”སྒྲིག་བཞིན་ཡོད་པ་མ་ཟད། སྐར་མ་བཅུ་གཉིས་ཀྱི་འཁོར་ལམ་ཧྲིལ་པོ་འབྲེལ་མཐུད་རིམ་བཞིན་མངོན་འགྱུར་བྱེད་བཞིན་ཡོད”ཅེས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་ཀྲེ་ཅང་ཚོད་ལྟ་ཁང་གི་ཀྲུའུ་རེན་ཝང་ཅན་གྱིས་ངོ་སྤྲོད་བྱས།
2023ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས། “ཀྲེ་ཅང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་པའི་ཐད་མདུན་གྲལ་དུ་སྐྱོད་དགོས། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་དང་ཐོན་ཁུངས་ཀྱི་ལེགས་ཆ་བསྡུ་སྒྲིལ་བྱས་ནས། ཚན་རྩལ་མདུན་གྲལ་གྱི་ཁྱབ་ཁོངས་གང་མགྱོགས་ཚད་བརྒལ་ཡོང་བར་བྱེད་དགོས”ཞེས་བསྟན་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲེ་ཅང་གིས་ཆུ་ཚད་མཐོ་བའི་གསར་གཏོད་རྣམ་པའི་ཞིང་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་ཚད་ལ་གཞིགས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་པའི་ཐད་མདུན་གྲལ་དུ་ཧུར་ཐག་སྐྱོད་དགོས།
ཐོན་ཁུངས་ཀྱི་ལེགས་ཆ་བསྡུ་སྒྲིལ་བྱས་ནས་གསར་གཏོད་ཀྱི་གསོན་ཤུགས་དེ་བས་ཆེ་རུ་བཏང་བ།
“ཕྱོགས་ཁག་གི་མཐུན་སྦྱོར་འགག་སྒྲོལ་བརྒྱུད། རྣམ་གྲངས་འཆར་འགོད་བྱེད་འགོ་ཚུགས་པ་ནས་འཕེན་གཏོང་བདེ་བླག་བྱུང་བའི་བར་སྔ་རྗེས་སུ་དུས་ཡུན་ཟླ་བ་9ལས་འགོར་མེད” ཝང་ཅན་གྱིས་2026ལོར་ཀྲེ་ཅང་ཚོད་ལྟ་ཁང་གིས་སྲུང་སྐར་ཁེ་ལས་དང་ལག་གདང་སྦྲེལ་ནས་རྩིས་རྒྱག་སྲུང་སྐར་50ལྷག་ཙམ་བཀོད་སྒྲིག་བྱས་ཏེ། མཁའ་དབྱིངས་སུ་མི་ཐབས་རིག་ནུས་བཀོལ་སྤྱོད་དང་འཕེལ་རྒྱས་ཡོང་བར་སྔར་བས་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀྲེ་ཅང་གིས“ལས་སྟེགས་དང་། མཐོ་སློབ། ཁེ་ལས། ཐོན་ལས་འཁོར་འབྲེལ་བཅས་ཟུང་དུ་འབྲེལ་བའི”ཆ་སྒྲིག་མཉམ་ལས་ལམ་སྲོལ་བཙུགས་ནས་ཁྱབ་གདལ་བཏང་བ་དང་། ཞིང་ཆེན་ཚོད་ལྟ་ཁང་དང་ཞིང་ཆེན་ལག་རྩལ་གསར་གཏོད་ལྟེ་གནས་ཀྱིས་མཐོ་སློབ་ཁེ་ལས་གཉིས་དང་མཉམ་འབྲེལ་ཚོད་ལྟ་ཁང་125མཉམ་དུ་བཙུགས་པ་དང་ཚན་རིག་ཞིབ་འཇུག་མི་སྣ་955ཕན་ཚུན་གདན་ཞུ་བྱས་ཏེ་གསར་གཏོད་གྲུབ་འབྲས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་སྒྱུར་བར་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པར”ཕྱོགས་ནས། ཀྲེ་ཅང་གིས་གཞི་གྲངས་ཐོན་ཁུངས་ཅན་དང་ཁྲོམ་ར་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་རྩིས་ཤུགས་མ་ལག་གསར་པ་བཙུགས་ནས། མི་ཐབས་རིག་ནུས་གསར་གཏོད་འཕེལ་རྒྱས་ཀྱི་མཐོ་ས་གང་མགྱོགས་གཏོད་དགོས་ཞེས་བཏོན་ཡོད།
གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་འབྲེལ་མཐུད་དམ་ཟབ་བྱས་ནས་ཐོན་ལས་ཀྱི་རྨང་གཞི་དེ་བས་བརྟན་དུ་བཏང་བ།
ནགས་གསེབ་ལམ་ཆུང་དུ་འཕྲུལ་མི་འཁོར་ལོ་ཅན་གྱིས་གྱེན་ཐུར་གཟར་པོར་འཛེག་གི་ཡོད་པ་དེ་ནི་ནགས་ཚལ་མེ་ཟོན་སྐོར་ཞིབ་ཀྱི་ལས་རོགས་ནུས་ལྡན་ཞིག་རེད། “ཅང་སུའུ་གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོའི་རིམ་མཚུངས་འགྲན་བསྡུར”སོགས་འགྲན་རའི་ཐོག་འཕྲུལ་མི་དེ་རིགས་ཀྱིས་སྤོ་ལོ་རྒྱག་མཁན་དང་མཉམ་དུ་རྒྱུགས་ནས་སྲོལ་རྒྱུན་པར་ཆས་ཕུད་པའི་ངོ་མཚར་ཅན་གྱི་བརྙན་པར་ལེན་གྱི་ཡོད།
བཟོ་ལྟ་དེ་རིགས་ཀྱི་འཕྲུལ་མི་ནི་ཧང་ཀྲོའུ་སྤྲིན་གསེབ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་ཡིན་པ་དེར་གོ་ལ་ཧྲིལ་པོའི་འགྲན་རྩོད་ཀྱི་ལེགས་ཆ་ལྡན་ཡོད། “དེའི་གདེང་ཚོད་ནི་གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་སྲུབས་མེད་འབྲེལ་མཐུད་བྱས་པ་ལས་བྱུང་བ་ཞིག་རེད” ཀུང་སིའི་གསར་གཏོད་པ་ཀྲུའུ་ཆིའུ་གོ་ཡིས་གསར་གཏོད་འཁོར་འབྲེལ་ཐད་འགག་རྩའི་ལྷུ་ལག་དང་མི་ཐབས་རིག་ནུས་རྩིས་ཐབས་རང་བདག་ཞིབ་བཟོ་བྱས་པ་དང་། ཐོན་ལས་འཁོར་འབྲེལ་ཐད་ཀྲེ་ཅང་ནས་ཐོན་མི་དགོས་པར་ལྷུ་ལག་ཉོ་སྒྲུབ་དང་སྒྲིག་སྦྱོར་ལེགས་གྲུབ་ཐུབ་པ་དང་བཟོ་སྐྲུན་ཁེ་ལས་ཇུས་འགོད་ཀྱི་དཀའ་གནད་ཐག་གཅོད་བྱེད་པའི་ནང་གཏིང་ཟབ་ཞུགས་ཡོད། “རྣམ་གྲངས་འགོ་ཚུགས་པ་ནས་ཁྲོམ་རར་བཏོན་ནས་བྲིན་ཚོང་བྱས་ཏེ་ལོ་ཕྱེད་ཀྱང་མ་ཕྱིན་པའི་བར། ཕྱི་རྒྱལ་གྱི་ལས་རིགས་གཅིག་པ་དང་བསྡུར་ན་ཉུང་མཐར་ཡང་དུས་འཁོར་ལོ་གཅིག་གིས་ཐུང་དུ་ཕྱིན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཀྲེ་ཅང་གིས་འབྱུང་འགྱུར་ཐོན་ལས་ལ་མ་དངུལ་གཏོང་ཤུགས་མང་དུ་གཏོང་བའི་ལམ་སྲོལ་བཙུགས་ནས། ལག་རྩལ་ལམ་ཐིག་སྣ་ཚོགས་དང་། དཔེ་མཚོན་གྱི་ཉེར་སྤྱོད་རྣམ་པ། ལག་བསྟར་བྱེད་ཆོག་པའི་ཚོང་ལས་རྣམ་པ། ཁྲོམ་རའི་ལྟ་འདོམས་སྒྲིག་སྲོལ་བཅས་འཚོལ་ཞིབ་བྱ་རྒྱུ་མ་ཟད། ཐོན་ལས་འཁོར་འབྲེལ་གྱི་གོང་འོག་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད།
ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་གསར་གཏོད་སྐྱེ་ཁམས་དེ་བས་ཡག་ཏུ་བཏང་བ།
ཀོང་ཏུང་ཧྥུའུ་ཧྲན་དུ་མའེ་ཏི་རྟགས་ཅན་ཝེ་པོ་ཚ་ཐབ་ཧྲུན་ཏེ་བཟོ་གྲྭའི་ལས་དོན་མི་སྣས་དངོས་ཡོད་གསལ་མཐོང་གི་རིག་ནུས་མིག་ཤེལ་བཏགས་ཏེ་དཔྱད་ཆས་དབྱེ་འབྱེད་དང་། སྒྲིག་ཆས་ཀྱི་རྣམ་པ་ཀློག་ལེན། བརྙན་ཕབ་ཉར་འཇོག་སོགས་ཀྱི་ལས་དོན་ལས་སླ་པོར་ལེགས་སྒྲུབ་ཐུབ་ནས་ལས་ཆོད་ཆེ་རུ་གང་ལེགས་ཕྱིན་ཡོད།
བཟོ་གྲྭ་དེར་རིག་ནུས་ཅན་གྱི་ཐག་གཅོད་ཇུས་གཞི་དང་རིག་ནུས་མིག་ཤེལ་མཁོ་འདོན་བྱེད་མཁན་ནི་ཀྲེ་ཅང་གི་ཁེ་ལས་ཏེ། ལིན་པན་ཚན་རྩལ་རེད། “ཤེས་ལྡན་པ་གསོ་སྐྱོང་བྱེད་པ་ནས་རྣམ་གྲངས་རོགས་སྐྱོར་བྱེད་པའི་བར་སྲིད་གཞུང་གིས་ང་ཚོར་སྲིད་ཇུས་དང་མ་དངུལ་སོགས་ཀྱི་ཞབས་འདེགས་སྣ་ཚོགས་ཞུས་ཡོད། ཐོན་རྫས་གྲུབ་རྗེས། ད་དུང་སྡེ་ཚན་འགའ་ཤས་ཀྱིས་ང་ཚོར་བེད་སྤྱོད་གཏོང་སའི་སྒོ་མོ་ཕྱེ་བྱུང་། ང་ཚོས་འཛད་སྤྱོད་པའི་ཚུར་ལན་གཞིར་བཟུང་རིམ་སྤོར་རིམ་འཇུག་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་ཀུང་སིའི་སྤྱི་པའི་ལས་དོན་གྱི་སྤྱི་ཁྱབ་ལྟ་ཞིབ་པ་ཞུས་ཞུས་ཀྱིས་བརྗོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ཀྲེ་ཅང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པའི་ལེའུ་ཆེན་པོ་མུ་མཐུད་རྩོམ་པ་དང་དེར་གོ་བ་གཏིང་ཟབ་བླངས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་པའི་མདུན་གྲལ་དུ་ཧུར་ཐག་བསྐྱོད་དེ། ཀྲེ་ཅང་གི་གསར་གཏོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཞིང་ཁོངས་སྔོན་བསྟར་གྱི་མངོན་གསལ་དོད་པའི་མཚོན་རྟགས་ཤིག་ཏུ་འགྱུར་བར་བྱེད་ཀྱི་ཡིན”ཞེས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཧའོ་ཡིས་བརྗོད།
འབྲེལ་ཡོད་གསར་འགྱུར།