དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གླིང་ཕྲན་ཡོངས་སྒོ་ཁྲལ་བསྡམས་ནས་གཉེར་སྐྱོང་བྱས་ཏེ་ཟླ་གཅིག་འཁོར་བ།

    ​ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་སྒོ་ཕྱེ་ནས་རྣམ་པ་གསར་པ་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-21

    ཟླ་1ཚེས་18ཉིན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་སྒོ་ཁྲལ་བསྡམས་ནས་གཉེར་སྐྱོང་བྱས་ཏེ་ཟླ་གཅིག་འཁོར་ཞིང་། གྲངས་གཞི་གསར་པ་ཁག་གཅིག་ལས་འཕེལ་རྒྱས་ཆེན་པོ་མངོན་པ་སྟེ། 2025ལོའི་ཟླ་12ཚེས་18ཉིན་ནས་2026ལོའི་ཟླ་1ཚེས་17ཉིན་བར། ཧའེ་ནན་གྱི་གླིང་བྲལ་ཁྲལ་མེད་ཉོ་སྒྲུབ་བྱེད་མཁན་མི་ཐེངས་ཁྲི་74.5དང་དངུལ་འབོར་སྒོར་དུང་ཕྱུར་48.6ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་30.2%དང་46.8%སོ་སོར་འཕར་ཡོད།

    “སྒོ་ཁྲལ་བསྡམས་རྗེས། ཧའེ་ནན་ལ་གཞི་ཁྱོན་དེ་བས་ཆེ་བ་དང་རིམ་པ་དེ་བས་མཐོ་བའི་སྒོ་ནས་སྒོ་དབྱེར་སྐུལ་འདེད་གཏོང་བའི་རྨང་གཞིའི་ཆ་རྐྱེན་འཛོམས་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་རེ་ནན་པོ་བཅོལ་གནང་ཞིང་། “ཚད་གཞི་མཐོ་པོས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་རྒྱུ”དེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་བཀོད་ཡོད།

    འགོ་འཛུགས་ས་གསར་པར། ཧའེ་ནན་གྱིས་བསམ་བློར་བཅིངས་འགྲོལ་དང་སྒྱུར་བཅོས་གསར་གཏོད་བྱས་ཏེ། ཚོང་ཟོག་དང་གཙོ་རྒྱུ་ངེས་མེད་རང་བཞིན་གྱི་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་ནས། ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེ་རུ་བཏང་ཡོད།

    འགག་སྒྲོལ་སྟབས་བདེ་བྱུང་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་འགྲུལ་པའི་ཡིད་དབང་བཀུག་པ།

    ཅེ་ཁེའི་རྒྱལ་ས་ཕུ་རག་ནས་ཧའེ་ནན་གྱི་སན་ཡཱ་བར་གནམ་གྲུ་ཐད་ཀར་འཕུར་ཐུབ་པ་མ་ཟད་དུས་ཚོད་དེ་བས་ཐུང་བ་ཡོད་ཅིང་། ཧ་སག་སི་ཐན་གྱི་སི་ཁ་ཐེ་མཁའ་འགྲུལ་ཀུང་སིས་གཉེར་སྐྱོང་བྱས་པའི་རང་རྒྱལ་གྱི་མཁའ་དབང་བདུན་པའི་འགྲུལ་སྐྱེལ་མཁའ་ལམ་ཐོག་མ་དེ་རྒྱུན་རྣམ་ཅན་གྱི་གཉེར་སྐྱོང་བྱས་ནས་ཟླ་བ་གཅིག་ཙམ་སོང་ཡོད།

    “འདི་གར་ཁྲོམ་རའི་དགོས་མཁོ་ཁ་གསལ་བ་དང་། སྲིད་ཇུས་ཀྱི་ཁོར་ཡུག་ལེགས་པ། དེ་བཞིན་ཚོད་ལྟ་བྱེད་འགོ་འཛུགས་པའི་ཆ་རྐྱེན་བཟང་བ་བཅས་ཡོད་པས་ང་ཚོས་སན་ཡཱ་བདམས་པ་ཡིན”ཞེས་སི་ཁ་ཐེ་མཁའ་འགྲུལ་ཀུང་སིའི་ཙུང་ཚའེ་གཞོན་པ་སེ་ཐེ་ནི་ཁེ·ཧྥུའུ་ལ་ཅི་མིར་གྱིས་བཤད།

    ཧའེ་ནན་གྱི་འགག་སྒོ་ཁག་ཏུ་སྐར་མ་གཅིག་གཉིས་ནང་ཞིབ་བཤེར་ཐུབ་ནས་སྟབས་བདེ་དང་མགྱོགས་མྱུར་ངང་རྒྱལ་མཚམས་སུ་འཛུལ་ཆོག་པས། ཕྱི་རྒྱལ་གྱི་འགྲུལ་པ་མང་པོ་ཡོང་གི་ཡོད།

    གླིང་ཕྲན་ཡོངས་སྒོ་ཁྲལ་བསྡམས་ནས་གཉེར་སྐྱོང་བྱས་ཚུན། 2026ལོའི་ཟླ་1ཚེས་17ཉིན་བར། ཧའེ་ནན་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་18.6ལ་ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས་46%འཕར་བ་དང་། རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་ཧའེ་ནན་དུ་ཡོང་མཁན་ཕྱི་རྒྱལ་གྱི་འགྲུལ་པ་དུས་མཚུངས་ལས་64%འཕར་བ་དེས་དུས་མཚུངས་ཀྱི་རྒྱལ་མཚམས་འཛུལ་མཁན་ཕྱི་རྒྱལ་གྱི་འགྲུལ་པའི་བསྡོམས་འབོར་གྱི་93%བཟུང་ཡོད།

    ཁོར་ཡུག་ལེགས་སུ་བཏང་ནས་བྱ་གཞག་གཏོད་ས་ཡག་པོ་བསྐྲུན་པ།

    ཧའེ་ཁོའུ་རྒྱལ་ཁབ་མཐོ་གསར་ཁུལ་སྨན་བཅོས་ཡོ་བྱད་གླིང་དང་ཀོང་ཏུང་ཧྲེན་ཀྲེན་ཁའེ་ལི་སྐྱེ་དངོས་སྨན་བཅོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་སྨན་སྤྱོད་གློག་རྡུལ་ནང་ཤེལ་གྱི་ལྷུ་ལག་ཁག་གཅིག་ནི“རྒྱུ་ཆ་ཉོ་སྒྲུབ་དང་ཐོན་རྫས་ཕྱིར་ཚོང་གཉིས་ཀ་ཕྱི་རྒྱལ་དུ་བྱེད་པའི”ཁྲལ་སྲུང་ཉམས་བཟོའི་སྲིད་ཇུས་དང་མཐུན་གྱི་ཡོད། “སྲིད་ཇུས་ལྷུག་ཏུ་ཕྱིན་པས། ཕྱི་རྒྱལ་དུ་ཉམས་བཟོ་བྱེད་དཀའ་བ་དང་དུས་ཚོད་མང་པོ་འགོར་བའི་སྒྲིག་ཆས་དང་ལྷུ་ལག་རྒྱལ་ནང་དུ་ཉམས་བཟོ་བྱེད་པར་འཁྱེར་ཆོག་པས། མ་གནས་དམའ་རུ་དང་ལག་རྩལ་མཐོ་རུ་ཕྱིན་ཡོད”ཅེས་ཁའེ་ལི་སྐྱེ་དངོས་སྨན་བཅོས་ཚན་རྩལ(ཧའེ་ཁོའུ)ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཞའོ་ཤིས་ཀྱིས་བརྗོད་པ་དང་། ཁོང་གིས“ཧའེ་ནན་དུ་ཁྲལ་སྲུང་ཉམས་བཟོ་བྱས་ཚེ། ཁེ་ལས་ཀྱི་ཕྱོགས་བསྡུས་མ་གནས་སྔོན་དཔག་བྱས་ན་20%ནས་30%བར་ཆག་པ་མ་ཟད། ཞིབ་འཇུག་གསར་སྤེལ་མི་སྣས་ཀྱང་སྐྱོན་ཤོར་སར་བརྡར་ཤ་གཅོད་ཆོག་པས། ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ནུས་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད”ཅེས་ངོ་སྤྲོད་བྱས།

    ལས་རིམ་དེ་བས་སྟབས་བདེ་བ་དང་། གསལ་ཐོ་དེ་བས་རྒྱ་ཆེ་བ། ལྟ་འདོམས་དེ་བས་ཞིབ་ཚགས་པ་བཅས་ཡོད་པས། གཉེར་སྐྱོང་བྱེད་པོ་དེ་བས་མང་བས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁར་དོ་ཁུར་བྱེད་ཀྱི་ཡོད། 2025ལོའི་ཟླ་12ཚེས་18ཉིན་ནས་2026ལོའི་ཟླ་1ཚེས་17ཉིན་བར། ཧའེ་ནན་དུ་ཐོ་བཀོད་པའི་ཕྱི་རྒྱལ་གྱི་ཉོ་ཚོང་ཁེ་ལས་5132གསར་དུ་འཕར་བ་དེ་2024ལོའི་དུས་ཚིགས་གཅིག་གི་ཐོ་བཀོད་གྲངས་འབོར་དང་གཅིག་མཚུངས་ཡིན་པ་རེད།

    ཧའེ་ནན་དུ་སྐྱོད་སྐབས། སྲིད་ཇུས་རིམ་སྤོར་དང་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་དང་བསྟུན་ནས་གླིང་བྲལ་ཁྲལ་མེད་ཀྱི“གསེར་ཡིག་བྱང་བུ”དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ཉེ་བའི་ཟླ་བ་གཅིག་རིང་། ཉིན་རེར་ཆ་སྙོམས་མི་ཁྲི་2.4ཡིས་ཧའེ་ནན་དུ་ཁྲལ་མེད་ཉོ་སྒྲུབ་བྱེད་ཀྱི་ཡོད་པ་དང་། ཉིན་རེའི་ཆ་སྙོམས་ཉོ་སྒྲུབ་དངུལ་འབོར་སྒོར་དུང་ཕྱུར་1.6ཙམ་ཟིན་གྱི་ཡོད།

    སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་དང་བསྟུན་ནས། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁས་རང་རྒྱལ་གྱི་སྟོབས་དང་ལྡན་ཞིང་གོ་རིམ་ལྡན་པའི་འཕེལ་རྒྱས་རྣམ་པར་བརྟེན་ནས་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་རང་རྒྱལ་གྱི་ཆོད་སེམས་དང་གདེང་ཚོད་མངོན་པར་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།