དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    དུས་ཆེན་གྱི་ཁྲོམ་རར་ཞིབ་བཤེར་བྱས་ཏེ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-21

    དུས་ཆེན་གྱི་ཁྲོམ་རའི་སྒྲིག་ལམ་བརྟན་པོ་ཡོང་བ་དང་བདེ་འཇགས་དང་བློས་འགེལ་ཆོག་པའི་འཛད་སྤྱོད་ཁོར་ཡུག་སྐྲུན་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའ་དང་སྨན་རྫས་དང་། སོལ་རླངས་ཀྱི་སྦུ་གུ་དང་གཅུས་སྒོ། རྒྱ་མ་བཅས་དང་དེ་བཞིན་རིན་གོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་དུས་ཆེན་གྱི་ཁྲོམ་རའི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། ཕྱོགས་ཡོངས་ནས་གྲོང་མིའི“ལྕེ་ཐོག་གི་བདེ་འཇགས”དང་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བྱས་པ་རེད།

    ཞོགས་པར་ཞིང་ཞོར་ཐོན་རྫས་ཁྲོམ་རར་འཁྲུག་ཆ་ཧ་ཅང་དོད་པ་དང་ཁྲོམ་བཀྱག་གི་བར་དུ་ཁྲིམས་སྒྱུར་བ་ཕར་འགྲོ་ཚུར་འོང་བྱེད། ཁོང་ཚོས་བཟའ་བཅའ་སོས་པའི་འགོ་ནད་ཞིབ་བཤེར་དཔང་རྟགས་དང་གྲང་ཉར་སྒྲིག་ཆས་ཀྱི་དྲོད་ཚད་ལ་ཞིབ་བཤེར་བྱེད་བཞིན་དུ་ཚོང་པར་དཔང་རྟགས་དང་སྤ་སེ་སྤྲད་པའི་རྩིས་ཐོ་ཡག་པོ་བཟོ་དགོས་པའི་མངག་བྱ་ཡང་ཡང་བྱས། ལམ་འགྲམ་གྱི་སྨན་རྫས་ཚོང་ཁང་དུ་ཁྲིམས་སྒྱུར་བས་སྨན་ཐོ་འགོད་དགོས་པའི་སྨན་རྫས་ཕྱིར་ཚོང་ཟིན་ཐོ་རེ་རེ་བཞིན་བཤེར་བ་དང་སྨན་རྫས་ཉར་འཇོག་ཆ་རྐྱེན་ཚད་ལོན་མིན་ལ་ཞིབ་བཤེར་བྱས། བཟའ་བཏུང་ཁང་གི་ཐབ་ཚང་དུ་ཐབ་དང་། དུག་སེལ་སྒམ་སོགས་སྒྲིག་ཆས་གཙང་མིན་ལ་རེ་རེ་བཞིན་ཞིབ་བཤེར་བྱས་པ་མ་ཟད་སོལ་རླངས་ཐབ་ཆས་དང་། མཐུད་སྣེ། གནོན་ཤུགས་གཅུས་སྒོ་སོགས་ལུགས་མཐུན་ཡིན་མིན་གཙོ་གནད་དུ་ཞིབ་བཤེར་བྱས་པ་རེད།

    དེ་དང་དུས་མཚུངས་རྒྱ་མ་དང་རིན་ཐང་མཐོ་དམའ་ལ་མཉམ་དུ་ལྟ་འདོམས་བྱས་ཤིང་། ཁྲིམས་སྒྱུར་བས་སྒོ་རྩིས་ཚོང་ཁང་དང་གསེར་ཆས་ཚོང་ཁང་དུ་བསྐྱོད་ནས་གློག་རྡུལ་རྒྱ་མ་དང་རིན་གོང་བརྩི་ཆས་ལ་ས་གནས་ས་ཐོག་ཏུ་འཐེན་བཤེར་བྱས་ནས་ཞིབ་དཔྱད་གཏན་འཁེལ་བརྒྱུད་ཚད་ལོན་མིན་དང་། རྫུན་བཟོ་དང་བཟོ་བཅོས་རྒྱག་ཤུལ་ཡོད་མེད་ཞིབ་བཤེར་ནན་ཏན་བྱས་པ་རེད། འབྲུ་སྣུམ་དང་ཤ་ཚལ་སྒོང་སོགས་དམངས་འཚོའི་ཚོང་ཟོག་དང་དུས་ཆེན་རིང་བྲིན་ཁ་རྒྱུག་པའི་ཚོང་ཟོག་ལ་དམིགས་ནས། ཁྲིམས་སྒྱུར་བས་རིན་གོང་གི་གསལ་ཐོ་བཤེར་ནས་རིན་གོང་ཧམ་སྤོར་དང་། རིན་གོང་ཧམ་ལེན། རིན་གོང་གསལ་པོ་འཁོད་མེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ནན་པོ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་ནང་བཟའ་བཏུང་ཚན་པ་དང་། སྨན་རྫས་ཚོང་ཁང་། སྒོ་རྩིས་ཚོང་ཁང་། གསེར་ཆས་ཚོང་ཁང་སོགས་རིགས་ཁག་གི་གཉེར་སྐྱོང་བྱེད་པོ་8ལ་ཁྱབ་ནས་དམིགས་བསལ་རིགས་ཀྱི་སྒྲིག་ཆས་28དང་རྒྱ་མ་17ལ་ཞིབ་བཤེར་བྱས་པ་དང་། ས་གནས་ས་ཐོག་ཏུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཅིག་དག་ཐེར་བྱས་པ། གནད་དོན་ཁག་8ཤེས་རྟོགས་ཐུབ་པ་དང་འབྲེལ་དུས་བཀག་ལྟར་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་བཅས་བྱས་ལ། ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ཚབས་ཆེན་རིགས་ཤེས་རྟོགས་བྱུང་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།