བློ་སེམས་མཐུན་པོས་ཕུགས་འདུན་གླེང་།
དགུན་དུས་ཀྱི་གངས་ལྗོངས་ས་མཐོར་གང་སར་ཉི་འོད་འཕྲོས་ནས་དྲོ་སྐྱིད་ལྷག་པར་ལྡན། བོད་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཞིག་གི་ལས་ཡུལ་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་ཤིང་། ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཐེངས་ཤིག་ལས་བྲེལ་ཆེ་བའི་ལས་གྲྭ་འདིའི་ཐོག་སྤེལ་འགོ་ཚུགས་ཤིང་། བོད་རིགས་དང་། རྒྱ་རིགས། ཧུད་རིགས་བཅས་ཀྱི་གཞོན་ནུ་ལས་རོགས་ཚོས་སྒོར་སྒོར་བྱས་ནས་བསྡད་དེ། སྡེ་ཚོགས་ཀྲུང་དབྱང་གི་གཞོན་ནུ་འཆད་ཁྲིད་པ་ཀྲང་ཡ་ལུང་དང་མཉམ་དུ“ལང་ཚོའི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་རང་འགན་ཕྲག་ཏུ་འཁུར”ཞེས་པའི་བརྗོད་གཞིར་གྲོས་བསྡུར་འཁྲུག་པོ་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དེ་འབྲེལ་འདྲིས་ཀྱི་གླེང་མོལ་ཞིག་ཏུ་བསྒྱུར་ཡོད།
“ཚང་མས་སྔོན་ལ་དོན་དག་ཅིག་ལ་བསམ་བློ་གཏོང་དགོས་པ་སྟེ། མ་འོངས་ལོ་ལྔའི་ནང་ང་ཚོས་ས་མཐོར་ལས་ཀ་བྱས་ནས་དམིགས་ཚད་གང་ཞིག་མངོན་འགྱུར་བྱེད་དགོས་སམ”ཞེས་ཀྲང་ཡ་ལུང་གིས་ཀ་རེ་ཀོ་རེ་མ་བྱས་པར་གཞོན་ནུ་ལས་རོགས་ཚོ་དང་འབྲེལ་བའི་བརྗོད་དོན་ཞིག་ཐད་ཀར་གླེང་མ་ཐག་འདིར་ཡོད་པའི་མི་ཚང་མ་འཇམ་ཐིང་ངེར་འགྱུར། གཞོན་ནུ་ཚོས་རང་ཉིད་ཀྱི“ལོ་ལྔའི་འཆར་གཞི”ཇི་འདྲ་བྱས་ནས་ལེགས་པར་འགོད་ལུགས་སྐོར་ལ་བསམ་བློ་ཞིབ་པར་བཏང་།
“དོན་དངོས་ཐོག་དྲིས་ལན་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ནང་འཁོད་ཡོད་པ་མ་ཟད། དེ་བས་ང་ཚོས་ཉིན་ལྟར་ལས་ཀ་བྱེད་པའི་ཁྲོད་དུའང་ཡོད”ཅེས་ཀྲང་ཡ་ལུང་གིས་ཐད་ཀར་ཡིག་ཆ་མི་ཀློག་པར་ཚང་མ་དྲིལ་བསྒྲགས་འགྲེམས་པང་མདུན་དུ་ཁྲིད་ནས“དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་སྐྲུན”ཞེས་པའི་ཡི་གེར་མཛུབ་མོ་བཙུགས་ནས“ང་ཚོས་སྒྲུབ་པའི་ལས་ཀ་ནི་ཁང་པ་རྒྱག་པ་དང་འགྲོ་ལམ་འདིང་བ་ཙམ་མིན་པར། རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་གི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་གོམ་སྟབས་རྗེས་སུ་སྙེག་པའི་འགག་རྩའི་འདེགས་སྐྱོར་ཞིག་ཀྱང་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས་ཞེས་པ་དེ་ནི་ང་ཚོའི་ངོས་ནས་བརྗོད་ན་ལྕགས་རྩིབས་བརྟན་པོ་རྒྱག་དགོས་པ་དང་། ཨར་འདམ་གྱི་ལུགས་རྒྱག་པ་ཚད་དང་མཐུན་པའི་འགན་ལེན་བྱེད་དགོས་པ། ལས་རིམ་ཚང་མར་དོ་ནན་བྱེད་དགོས་པ་བཅས་ནི་ང་ཚོ་ཨར་པོ་བའི‘སྤུས་ཚད་མཐོ་བའི་འཕེལ་རྒྱས’ཡིན”ཞེས་བཤད།
སྐད་ཆ་དེ་ཐོས་རྗེས། གཞོན་ནུ་ལས་རོགས་ཞིག་གིས་འཕྲལ་དུ“རྒན་ཀྲང་ལགས་ཀྱིས་བཤད་པ་དེ་རང་རེད། ང་ཚོས་རང་ཉིད་ཀྱི་ལས་ཀ་ཚང་མ་ཧུར་ཐག་སྒྲུབ་ན་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་པ་དང་ཁྱད་མེད”ཅེས་བཤད།
“ཚང་འཛོམས་གྲོས་ཚོགས་ཐོག་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་བཅས་འཛུགས་སྐྲུན་བྱེད་པར་སྤྱི་འདོམས་བྱེད་པ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། རང་བརྟེན་གསར་གཏོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། ཚན་རྩལ་འཕེལ་རྒྱས་ཀྱི་མཐོ་ས་འཛིན་པ་བཅས་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་རྒྱུན་ཆད་མེད་པར་འཕེལ་བ་བྱེད་དགོས་ཞེས་བཏོན་འདུག”ཅེས་ཀྲང་ཡ་ལུང་གིས་མུ་མཐུད་བཤད།
ས་ཡུལ་དངོས་སུ་གཞོན་ནུ་འཛུགས་སྐྲུན་པ་ཚང་མའི་སེམས་ཤུགས་ཆེ་ཞིང་། ལོ་མང་རིང་ས་མཐོར་རྩ་བ་ཚུགས་པའི་གཞོན་ནུ་དེ་དག་སྔ་ས་ནས་ས་མཐོའི་མཐོ་གྲང་དང་གསོ་རླུང་དཀོན་པའི་ཁོར་ཡུག་ལ་གོམས་པ་དང་། ཕ་ཡུལ་ལ་དགའ་ཞེན་དང་འབྱུང་འགྱུར་ལ་རེ་སྒུག་བྱེད་པ་ཚང་མ་ཉིན་རེའི་ཨར་ལས་ཁྲོད་དུ་འདུས་ཡོད། ཁོང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀ་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
བོད་རིགས་གཞོན་ནུ་བཀྲ་ཤིས་དོན་གྲུབ་ཀྱིས་བློ་རྩ་བརྟན་པོས“ང་ནི་འདི་གར་ས་སྐྱེས་རྡོ་སྐྱེས་ཞིག་ཡིན། ཕ་ཡུལ་གྱི་འདམ་རྫབ་ལམ་ཆུང་དེ་སྣུམ་ནག་ལམ་ཆེན་དུ་གྱུར་པ་དང་། ཐོག་གཅིག་མའི་སྡོད་ཁང་རྙིང་པ་དག་ཐོག་བརྩེགས་ཅན་ལ་གྱུར་པ་ངས་དངོས་སུ་མཐོང་བྱུང་། ཚང་འཛོམས་གྲོས་ཚོགས་ཀྱིས་ང་ཚོར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། ངས་དེ་བས་ལས་གནས་བརྟན་སྲུང་དང་ལས་ཀ་ཡག་པོ་བྱས་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕ་ཡུལ་འཛུགས་སྐྲུན་ཧུར་ཐག་བྱེད་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།