ནག་ཆུ་གྲོང་ཁྱེར་སོག་རྫོང་གི
གྲོང་ཚོ་རིམ་པའི་ཁྲུས་ཁང་65ཡིས་ཞིང་འབྲོག་ཁུལ་གྱི་འཚོ་བར་དྲོ་སྐྱིད་བསྣན་པ།
དགུན་དུས་ནག་ཆུ་གྲོང་ཁྱེར་སོག་རྫོང་རོང་པོ་གྲོང་རྡལ་དུང་རིལ་མདའ་གྲོང་ཚོར་ཉི་འོད་རབ་ཏུ་འཚེར་ཞིང་། ཡུལ་མི་ཚེ་རིང་རྣམ་རྒྱལ་གྱིས་སྦག་སྦག་བཞོན་ནས་ཁྲུས་ཆས་ཁྱེར་ཏེ་གྲོང་ཚོའི་ཁྲུས་ཁང་དུ་སོང་བ་དང་། གྲོང་ཚོའི་ལས་དོན་པའི་རོགས་རམ་འོག་ཐོ་འགོད་ཚར་རྗེས། དྲོ་སོབ་སོབ་ཀྱི་ཁྲུས་ཁང་དུ་འཛུལ་ནས་ཆུ་ཚ་པོས་གཟུགས་པོ་གཙང་མ་བཀྲུས་ཏེ་ལུས་ཀྱི་ངལ་དུབ་བསལ་བར་བྱས་ཡོད།
ཚེ་རིང་རྣམ་རྒྱལ་གྱིས“དེ་སྔ་གཟུགས་པོ་འཁྲུ་བར་གྲོང་རྡལ་དུ་འགྲོ་དགོས་ཀྱི་ཡོད། ད་ཆ་གྲོང་ཚོའི་ནང་ཁྲུས་ཁང་ཡོད་པས་སྟབས་ཧ་ཅང་བདེ་པོ་འདུག”ཅེས་བཤད།
ཕར་བལྟས་ཚེ་དེ་ནི་སྤྱིར་བཏང་གི་བྱ་བ་ཞིག་ཡིན་མོད། འོན་ཀྱང་དེ་ལས་སོག་རྫོང་གིས་དམངས་འཚོའི་འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་གྱི་ཡོད། 2024ལོ་ནས་བཟུང་མཐོ་གྲང་ས་ཁུལ་དུ་གཟུགས་པོ་འཁྲུ་བར་སྟབས་བདེ་མེད་པའི་དོན་དངོས་ལ་དམིགས་ཏེ། སོག་རྫོང་གིས་སྒོར་ཁྲི་460ལྷག་ཙམ་བཏང་ནས་རྫོང་ཡོངས་སུ་ཚན་རིག་དང་མཐུན་པའི་འཆར་འགོད་དང་ཁག་བགོས་ཀྱིས་གྲོང་ཚོ་རིམ་པའི་ཁྲུས་ཁང་65བསྐྲུན་ཏེ“འགག་རྩའི་བྱ་བ་ཆུང་ངུ”དེ“དྲོ་སྐྱིད་ལྡན་པའི་དོན་ཆེན”ལ་གྱུར་པར་བྱས་པས། རྫོང་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་2ལྷག་ཙམ་ལ་ཕན་པ་ཡང་ཐོབ་ཡོད།
སོག་རྫོང་གི་གྲོང་ཚོ་རིམ་པའི་ཁྲུས་ཁང་ཁག་ལ་སྐྱོད་སྐབས་གློག་འོད་གསལ་བ་དང་། དཀར་ཞིང་གཙང་བ། ཆུ་ཚོད་24ཡི་རིང་ཆུ་ཚ་པོ་མཁོ་འདོན་བརྟན་པོ་ཡོད་པ་མ་ཟད། ད་དུང་གྱོན་ཆས་བླུགས་སྒམ་དང་རླུང་འབུད་འཕྲུལ་ཆས་སོགས་ལེ་ལག་ཚང་བའི་སྒྲིག་ཆས་ཚད་ལྡན་ངང་བསྒྲིགས་ཡོད་པ་གསར་འགོད་པས་མཐོང་བྱུང་།
རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་མཚོན་ན། ཁྲུས་ཁང་ཆུང་ཆུང་ནི་མིག་མཐོང་ལག་ཟིན་ཐུབ་པའི“བདེ་སྐྱིད་ཀྱི་འབྱུང་ཁུངས”ཤིག་ཡིན། རོང་པོ་གྲོང་རྡལ་ཨོམ་མདའ་ཁ་གྲོང་ཚོའི་མང་ཚོགས་བློ་བཟང་བྱམས་བསྟན་གྱིས“གྲོང་ཚོའི་ནང་བསྐྲུན་པའི་ཁྲུས་ཁང་དག་ང་ཚོར་ཕན་ཐོགས་ཆེན་པོ་འདུག ཕྲུ་གུ་གཟའ་མཇུག་ལ་ཁྱིམ་དུ་ལོག་དུས་ཆུ་ཚ་པོས་གཟུགས་པོ་སྐྱིད་པོ་ཞིག་འཁྲུ་ཐུབ་ཀྱི་འདུག དེ་དག་ཚང་མ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན་པས་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད།
དེས་སྟབས་བདེ་མཁོ་འདོན་བྱེད་པ་ཙམ་མ་ཡིན་པར། ད་དུང་སོག་རྫོང་གིས་ཕུགས་ལ་དམིགས་ཏེ“ཁྲུས་ཁང་ཆུང་ཆུང”ལ་བརྟེན་ནས“དར་སྲོལ་གསར་པ”སྐྱེད་སྲིང་བྱེད་སྟངས་གསར་གཏོད་དང་འཚོལ་ཞིབ་བྱེད་བཞིན་ཡོད། ཁྲུས་ཁང་དང་གྲོང་གསེབ་ཀྱི“སྐར་གསོག་སྒོ་རྩིས་ཚོང་ཁང”གི་མཉམ་འགུལ་ལམ་སྲོལ་ཁྱབ་གདལ་གཏོང་རྒྱུའི་འཆར་གཞི་བཏིང་ནས་ཡུལ་མི་ཚོ་གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པ་དང་། གྲོང་ཚོའི་སྒྲིག་སྲོལ་དང་དམངས་ཆིངས་ལ་བརྩི་སྲུང་ཞུ་བ། ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུ་སྤེལ་བ་སོགས་ཤེས་དཔལ་བྱ་སྤྱོད་ལ་བརྟེན་ནས་བསགས་པའི་སྐར་མ་དེ་དག་གིས་རིན་མེད་ངང་གཟུགས་པོ་འཁྲུ་ཆོག ཆུ་གཙང་མ་དེས་ལུས་པོ་གཙང་མ་འཁྲུ་ཐུབ་པ་མ་ཟད། ཡུལ་སྲོལ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་ཀྱང་གཏོང་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།