བོད་ལྗོངས་ན་གཞོན་ཁེ་ལས་པའི་ཚོང་ཚོགས་ཀྱི་རོགས་སྐུལ་འོག
ཁེ་ལས་ཀྱི་འདོད་མཐུན་མཉམ་ལས་སྒོར་ཁྲི་6000ལྷག་ཙམ་ཟིན་པ།
ཉེ་ཆར། གསར་འགོད་པར་བོད་ལྗོངས་ན་གཞོན་ཁེ་ལས་པའི་ཚོང་ཚོགས་ནས་ཤེས་རྟོགས་བྱུང་བར། 2025ལོར་ཚོང་ཚོགས་ཀྱི་རོགས་སྐུལ་འོག་འདོད་མཐུན་མཉམ་ལས་སྒོར་ཁྲི་6000ལྷག་ཙམ་ཟིན་པ་དང་། ཁོངས་མིའི་ཁེ་ལས་ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་1.2ལེན་རོགས་བྱས་པ་མ་ཟད། ད་དུང་སྤྱི་ཕན་ཞལ་འདེབས་སྒོར་ཁྲི་300ལྷག་ཙམ་བརྒྱབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་མིར་ཞབས་འདེགས་དེ་བས་ཡག་པོ་ཞུ་ཆེད། བོད་ལྗོངས་ན་གཞོན་ཁེ་ལས་པའི་ཚོང་ཚོགས་ཀྱིས་རྒྱུན་རྣམ་ཅན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་ཏེ་ཁོངས་མིའི་ཁེ་ལས་43ལ་འཚམས་འདྲི་དང་བརྟག་ཞིབ་བྱས་ནས་རེ་ཞུ་24བསྡུ་རུབ་བྱས་པ་དེ་དག་ནས་80%ལྷག་ཙམ་ཐག་གཅོད་ཟིན་པ་རེད། ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས། ཐོན་ལས་འཁོར་འབྲེལ་སྦྲེལ་མཐུད་ཚོགས་འདུ་དང་། དངུལ་ཁང་དང་ཁེ་ལས་དབར་གྱི་སྙིང་གཏམ་ཤོད་པའི་ཚོགས་འདུ་སོགས་བྱེད་སྒོ་ཁག་6གཉེར་ཏེ་བཅའ་ཁྲིམས་བློ་འདྲི་དང་ནོར་ཁྲལ་འཆར་འགོད་སོགས་ཀྱི་རིན་མེད་ཞབས་འདེགས་ཐེངས་30ལྷག་ཙམ་ཞུས་པ་རེད། དེ་དང་ཆབས་ཅིག ཁེ་ལས་ཁག་ལ་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབ་རྒྱུའི་ཁྲིད་སྟོན་ཡང་བྱས་པ་སྟེ། བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ཁྲོད། ཁོངས་མིའི་ཁེ་ལས་སྒྲིག་འཛུགས་བྱས་ནས་སྒོར་ཁྲི་218.2ཞལ་འདེབས་བརྒྱབ་པ་དང་། “རེ་འདུན་ཆུང་ངུ་མཉམ་དུ་འགྲུབ། མཐའ་མཚམས་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པ་སོགས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་ནས། དཀའ་ངལ་ཡོད་པའི་སློབ་གྲྭ་ཆེ་མོ་བ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།