དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རེ་བའི་ཞིང་སར་སོ་ནམ་ལས་ལ་འབད།

    ​ 2025ལོའི་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-21

    སླར་ཡང་ལོ་ལེགས་ཀྱི་དུས་བཟང་ཤར་ནས་ས་མཐོའི་བང་མཛོད་འབྲུ་ཡིས་ཁེངས།

    འབྲུ་རིགས་ཐོན་སྐྱེད་ལ་བལྟས་ན། 2025ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་ཀྱིས་སླར་ཡང་ཟིན་ཐོ་གསར་པ་བཏོད་དེ་ཏུན་ཁྲི་115ཟིན་ཞིང་། དེའི་ནང་ནས་ཀྱི་ཐོན་འབབ་ཏུན་ཁྲི་90ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་ཏུན་ཁྲི་90.53ཟིན་པ་དེ་གཉིས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད།

    ཞིང་པའི་ཡོང་འབབ་ལ་བལྟས་ན། 2025ལོར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་མགྱོགས་པའི་རྣམ་པ་རྒྱུན་འཁྱོངས་བྱུང་སྟེ། ཞིང་འབྲོག་མང་ཚོགས་ཀྱི“དངུལ་ཁུག”ལྗིད་ཏིག་ཏིག་ཏུ་གྱུར་ཡོད།

    གྲོང་གསེབ་འཛུགས་སྐྲུན་ལ་བལྟས་ན། ལྗོངས་ཡོངས་ཀྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུཌ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། གྲོང་གསེབ་གཞུང་ལམ་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་ཁྲི་9.44ཟིན་པ་དང་། ཤང་དང་གྲོང་རྡལ་དུ་འགྲོ་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ། ས་མཐོའི་མཛེས་མཐུན་གྲོང་གསེབ་ཁག་180གསར་དུ་བསྐྲུན་པ། གྲོང་གསེབ་ཀྱི་དུད་ཚང་ལ་གསང་སྤྱོད་ཁྱབ་གདལ་གཏོང་ཚད་དང་མི་ཕྱུགས་ལོགས་དབྱེ་ཐུབ་ཚད་ཁག་སོ་སོར་84.39%དང་98.95%ཟིན་ཡོད།

    འབྲུ་རིགས་བདེ་འཇགས་ཀྱི་གཞི་གདན་བརྟན་དུ་ནུས་ཤུགས་ཡོད་རྒུས་་བཏང་བ།

    2025ལོར་རང་ལྗོངས་ཀྱིས་འབྲུ་རིགས་བདེ་འཇགས་དང་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་དམིགས་ཚད་གཉིས་གཏན་འཁེལ་བྱས་པ་དང་། ཏང་སྲིད་གཉིས་ཀྱི་འགན་འཁྲི་གཅིག་མཚུངས་ཡིན་པ་དོན་འཁྱོལ་ནན་པོ་བྱས་ཏེ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་41.67གསར་སྐྲུན་དང་། སྒྱུར་བཀོད། རིམ་སྤོར་བཅས་བྱས་པ་དང་། ནས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་རྣམ་གྲངས་དུས་གཅིག་ཏུ་ལག་ལེན་བསྟར་འགོ་བཙུགས་ཏེ། ནུས་པ་ཆེ་ཞིང་འཚོ་བཅུད་ལྡན་པ་དང་། ཐོན་འབབ་མཐོ་ཞིང་འགོག་ཤུགས་ཆེ་བ། གསོ་སྐྱོང་མགྱོགས་པོ་ཐུབ་པ་བཅས་ཀྱི་སོན་རྒྱུ་སྐྱེད་སྲིང་བྱས་ནས། ནས་ཀྱི་དཔལ་འབྱོར་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་ནུས་ལྡན་བཏང་ཡོད།

    ལྗོངས་ཡོངས་ཀྱི་ལོ་ཧྲིལ་པོའི་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་302.4ཟིན་པའི་ནང་ནས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་233.4ཟིན་ཡོད། འབྲུ་རིགས་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་115ཟིན་པའི་ནང་ནས་ཀྱི་ཐོན་འབབ་ཏུན་ཁྲི་90ལས་ཐོག་མར་བརྒལ་ནས་ཏུན་ཁྲི་90.53ཟིན་པ་དེ་གཉིས་1.81%དང་1.98%སོ་སོར་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།

    2025ལོར་རང་ལྗོངས་ཀྱིས་གཟན་རྩྭ་འདེབས་འཛུགས་བྱེད་པོའི་ཁ་གསབ་དང་། རྩྭ་ཁ་གསོ་བའི་ཁ་གསབ། འབྲུ་རིགས་གཟན་ཆག་ཏུ་སྒྱུར་བ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད་ཕྱུགས་རིགས་ཐོན་རྫས་ཀྱི་ཐོན་ནུས་ཆེ་རུ་བརྟན་པོ་ཕྱིན་པ་དང་། ལོ་ཧྲིལ་པོར་བ་གླང་ཁྲི་7ལ་རྒྱུད་པ་ལེགས་བཅོས་བྱས་པ། རྒྱུད་བཟང་ཁྱུ་གཡག་དང་ལུག་ཐུག་མགོ་གྲངས་ཁྲི་4.1ཁྱབ་གདལ་བཏང་བ། ཡུག་སྦྲེལ་མི་ཐབས་རྩྭ་འདེབས་མུའུ་ཁྲི་8.8ལེགས་གྲུབ་བྱུང་བ། གཟན་རྩྭ་བསྐྱར་འདེབས་དང་ཁང་པའི་རྒྱབ་མདུན་དུ་རྩྭ་མུའུ་ཁྲི་47.82བཏབ་ཡོད། སྔོ་ཚལ་ཐོན་ལས་སྣ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཏེ། ལྗོངས་ཡོངས་ཀྱི་འདེབས་འཛུགས་རྒྱ་ཁྱོན་རིམ་རྩིས་བརྒྱབ་ན་མུའུ་ཁྲི་46ཟིན་པའི་སྔོ་ཚལ་སོགས་རིགས་ཆེན་པོ་བཅུ་ཡི་སྣ་ཁ་35ཚུད་ཡོད། ལོ་ཧྲིལ་པོར་ཤ་དང་། སྒོ་ང་། འོ་མ་གསུམ་དང་སྔོ་ཚལ་གྱི་ཐོན་འབབ་ཏུན་ཁྲི་100ལས་བརྒལ་ནས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་བསྐངས་ཡོད།

    ས་མཐོའི་ཁྱད་ལྡན་ཞིང་ཟོག་གི་སྤུས་ཚད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    2025ལོར་རང་ལྗོངས་ཀྱིས་ནས་ཀྱི་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་དང་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས“བོད་སྐྱོད”སོགས་ལས་སྟེགས་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་ཚོང་འགུག་མ་འདྲེན་རྣམ་གྲངས་22ལ་མིང་བཏགས་བཀོད་པ་དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་23ཟིན་ཏེ། ཐོན་ལས་འཕེལ་རྒྱས་གཏོང་བར་འབྱུང་རྩ་ནས་སྟོབས་ཤུགས་བསྣན་ཡོད། དེ་དང་ཆབས་ཅིག་སྤུས་རྟགས་འཛུགས་སྐྱོང་བྱེད་ཟབ་ཏུ་མུ་མཐུད་བཏང་བ་སྟེ། ཆབ་མདོའི་ཨ་དབང་ལུག་དང་། མཛོ་སྒང་གི་རྒུན་འབྲུམ། ཉིང་ཁྲི་སྣང་རྫོང་གི་སུར་པན་བཅས་ཞིང་ལས་སྤུས་རྟགས་གསུམ་ཞིང་ལས་སྤུས་རྟགས་རྩེ་གྲ་སྐྱེད་སྲིང་གི་འཆར་གཞིའི་ནང་ཚུད་ཅིང་། ལྗོངས་ཡོངས་ཀྱི་ལྷད་མེད་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས། རྒྱལ་ཡོངས་ཀྱི་གྲགས་ཁྱད་ལེགས་གསར་གྱི་ཞིང་ལས་ཐོན་རྫས་བཅས་ཀྱི་བསྡོམས་འབོར་514ཟིན་ནས“ས་མཐོའི་སྤུས་ལེགས་ཐོན་རྫས”ཀྱི་དབྱེ་འབྱེད་ཐུབ་ནུས་དང་ཤུགས་རྐྱེན་ཐེབས་ནུས་རིམ་བཞིན་ཆེ་རུ་སོང་ཡོད།

    ཚན་རྩལ་གྱི་མཐུན་རྐྱེན་སྦྱར་ནས་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་རྒྱུན་མི་ཆད་པར་བསྣན་ཡོད། རང་ལྗོངས་ཀྱིས་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་བཞིའི་ཞིང་འབྲོག་ཚན་རྩལ་མི་སྣ་5000ལྷག་ཙམ་སྒྲིག་འཛུགས་བྱས་ནས་དུས་བཀག་བཀོད་གཏོང་དང་། དྲ་ཐོག་ལྟ་ཞིབ་ཚད་ལེན། སྐོར་སྐྱོད་མཛུབ་ཁྲིད་བཅས་གཞི་འཛིན་སར་བྱས་ཏེ། ཞིང་འབྲོག་ལས་ཀྱི་ཚན་རྩལ་གཤམ་སྤེལ་ལག་རྩལ་གྱི་འགན་གཙང་འགན་ལེན་བྱེད་ཟབ་ཏུ་བཏང་བ་དང་གཙོ་སྤེལ་ལག་རྩལ་ཁྱབ་གདལ་ཐུབ་ཚད་95%ཡན་ཟིན་ཡོད།

    རང་ལྗོངས་ཀྱི་ཞིང་ལས་འཕེལ་རྒྱས་དེ་ཞིབ་ཚགས་ཅན་དང་། ཁྱུ་ཚོགས་ཅན། སྤུས་རྟགས་ཅན་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་སྐྱེ་སྟོབས་འཕེལ་ནས་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་རྒྱུན་མཐུད་སྐུལ་ཁྲིད་ཐུབ་པ་དོན་དངོས་ལས་གསལ་བཤད་ཐུབ་ཡོད།

    མཛེས་མཐུན་གྲོང་གསེབ་ཀྱི་དཔེ་རིས་གསར་པ་བཀོད་པ།

    དམངས་འཚོ་འགན་སྲུང་གི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། གྲོང་གསེབ་འཛུགས་སྐྲུན་བྱེད་མགྱོགས་སུ་དང་ལས་ཕྱོད་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་མཛེས་མཐུན་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་ཡོད། 2025ལོར་རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ཞིང་། སྲིད་ཇུས་ཀྱི་ཁྲིད་སྟོན་དང་ལས་ཞུགས་རོགས་སྐྱོར་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ། ལོ་ཧྲིལ་པོར་དབུལ་སྒྲོལ་མི་འབོར་ཁྲི་24.3ཕྱིར་གླ་པ་རྒྱུག་ནས་ཡོང་འབབ་འཕར་བར་སྐུལ་འདེད་བཏང་བ་དང་། རོགས་སྐྱོར་འཁོར་ཁང་299ལ་ལས་མི་2967བསྡུས་ནས་རང་ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་པར་བྱས་ཡོད།

    2025ལོར་མཛེས་མཐུན་གྲོང་གསེབ་ཀྱི་དཔེ་སྟོན་ས་ཚིགས་180བསྐྲུན་པ་དང་། དུད་ཚང་ཁྲི་2.2ཀྱི་གསང་སྤྱོད་སྒྱུར་བཀོད་དང་དུད་ཚང་ཁྲི་5.6གི་མི་ཕྱུགས་ལོགས་དབྱེའི་ལས་འགན་ལེགས་པར་བསྒྲུབས་ནས། གྲོང་གསེབ་ཀྱི་དུད་ཚང་ལ་གསང་སྤྱོད་ཁྱབ་གདལ་ཐུབ་ཚད་84.39%བར་མཐོ་རུ་ཕྱིན་པ་དང་། མི་ཕྱུགས་ལོགས་དབྱེ་ཐུབ་ཚད་98.95%ཟིན་པ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་ཞིང་། ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་9.44ཟིན་པ་དང་།“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་ཏན་ཏིག་ཐུབ་སྟེ། ཤང་དང་གྲོང་རྡལ་ལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་པ། སྲིད་འཛིན་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད་92.48%ཟིན་པ། ཤང་དང་གྲོང་རྡལ་147དང་སྲིད་འཛིན་གྲོང་ཚོ་1852ལ་འགྲུལ་སྐྱེལ་རླངས་འཁོར་མང་དུ་བཏང་བ། སྲིད་འཛིན་གྲོང་ཚོ་ཚང་མར་སྦྲག་སྐྱེལ་ཐུབ་པ་བཅས་ལས་ཞིང་འབྲོག་ཁུལ་གྱི་འགྲོ་སྐྱོད་དང་ཟོག་འགྲེམས་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། “ཁོར་ཡུག་མཛེས་པ་དང་། ཐོན་ལས་དར་རྒྱས། མི་སེར་ཕྱུག་པོ”བཅས་ཀྱི་གྲོང་གསེབ་ཀྱི་དཔེ་རིས་ཤིག་གངས་ལྗོངས་ས་མཐོ་ནས་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།