ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ཟུར་པ་མུའུ་ལཱ་ཐུའུ་ཡིས་བརྗོད་དོན།
ཀྲུང་གོ་ནི་ངའི“ཕ་ཡུལ་གཉིས་པ”ཡིན།
“ཀྲུང་གོར་སློབ་སྦྱོང་བྱེད་པའི་དུས་དེ་ངས་ནམ་ཡང་བརྗེད་མི་སྲིད། ཀྲུང་གོ་ནི་ངའི‘ཕ་ཡུལ་གཉིས་པ’ཡིན”ཞེས་ཉིན་ཤས་གོང་ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ཟུར་པ་མུའུ་ལཱ་ཐུའུ·ཐེ་ཞའོ་མེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད། ཁོང་གིས། “ང་ཀྲུང་གོར་ག་དུས་སླེབས་ཀྱང་ཁྱིམ་དུ་སླེབས་པ་བཞིན་བག་ཕེབས་ལྷོད་བདེ་བྱུང་ནས་བྱམས་བརྩེ་དང་དྲོ་སྐྱིད་ཚོར་གྱི་འདུག”ཅེས་བརྗོད།
1976ལོར་མཐོ་འབྲིང་ནས་མཐར་ཕྱིན་པའི་མུའུ་ལཱ་ཐུའུ་གཞུང་མངགས་ཕྱི་སྦྱོང་སློབ་མའི་འོས་ཐོབ་མིང་ཐོག་ནས་ཀྲུང་གོར་ཡོང་སྟེ་པེ་ཅིང་སྐད་ཡིག་སློབ་གླིང(ད་ཆའི་པེ་ཅིང་སྐད་ཡིག་སློབ་ཆེན)དུ་རྒྱ་ཡིག་སློབ་སྦྱོང་བྱས་ཤིང་། མུའུ་ལཱ་ཐུའུ་ཡིས“དེ་དུས་གོ་སྐབས་དེ་འདྲ་ཐོབ་ཁག་པོ་རེད། ཨེ་ཙེ་ཨོ་ཕི་ཡའི་སློབ་མ་སྟོང་ཕྲག་ཁ་ཤས་ཀྱིས་དེའི་ནང་མིང་ཐོ་བཀོད་ཀྱང་སློབ་མ་ལྔ་མ་གཏོགས་ཚུད་མེད”ཅེས་ཕྱིར་དྲན་བྱེད་བཞིན་དུ་བརྗོད།
དེ་ནི་མུའུ་ལཱ་ཐུའུ་ཕྱི་རྒྱལ་ལ་འགྲོ་ཐེངས་དང་པོ་རེད་ལ། ཁོང་ཀྲུང་གོར་ཡོང་ཐེངས་དང་པོའང་རེད། ཀྲུང་གོ་ནི་མུའུ་ལཱ་ཐུའུ་ཡི་བསམ་འདུན་འགྲུབ་ཡུལ་རེད་ལ། ཁོང་གི་མི་ཚེར་འགྱུར་བ་ཐེབས་པའི་གནས་ཤིག་ཀྱང་རེད། རྒྱ་ཡིག་སློབ་སྦྱོང་ལོ་གཅིག་བྱས་རྗེས། མུའུ་ལཱ་ཐུའུ་པེ་ཅིང་སློབ་ཆེན་མཚན་ཉིད་རིག་པའི་ཚན་ཁག་ཏུ་བསྒྱུར་ཏེ། 1982ལོར་སློབ་རམས་པའི་སློབ་གནས་རག་པ་དང་། དེ་ནས་སློབ་མཐར་ཕྱིན་རྗེས། མུའུ་ལཱ་ཐུའུ་ཡིས་རང་ཉིད་ཀྱི་བསམ་འདུན་བཅངས་ནས་ཨེ་ཙེ་ཨོ་ཕི་ཡར་ཕྱིར་ལོག་བྱས་པ་རེད།
1984ལོར་མུའུ་ལཱ་ཐུའུ་པེ་ཅིང་སློབ་ཆེན་ལ་བསྐྱར་དུ་འོང་ནས་དེ་གའི་མཚན་ཉིད་རིག་པའི་རབ་འབྱམས་པའི་སློབ་གནས་སྦྱོང་རྩིས་བྱས། པེ་ཅིང་སློབ་ཆེན་གྱི་དགེ་རྒན་གྱིས་རྒྱལ་སྤྱིའི་ཆབ་སྲིད་ཆེད་ལས་དེ་ཁོང་གི་དགའ་ཞེན་དང་འདོད་མོས་དང་དེ་བས་འཚམ་པའི་ངོས་འཛིན་བྱས་ཏེ། ཁོང་ལ་ཆེད་ལས་རྒྱལ་སྤྱིའི་ཆབ་སྲིད་རིག་པར་བསྒྱུར་རྒྱུའི་གྲོས་འགོ་བཏོན། 1991ལོར་མུའུ་ལཱ་ཐུའུ་ལ་པེ་ཅིང་སློབ་ཆེན་གྱི་རྒྱལ་སྤྱིའི་ཆབ་སྲིད་ཆེད་ལས་ཀྱི་འབུམ་རམས་པའི་སློབ་གནས་ཐོབ། ཀྲུང་གོར་སློབ་སྦྱོང་མཇུག་འགྲིལ་བའི་མུའུ་ལཱ་ཐུའུ་ཨེ་ཙེ་ཨོ་ཕི་ཡར་ལོག་ནས་ཕྱི་འབྲེལ་པུའི་ལས་ཀར་ཞུགས་ཤིང་། ཁོང་གིས་རི་པིན་དང་། ཨོ་སི་ཁྲུ་ལི་ཡ། ཀྲུང་གོ་སོགས་རྒྱལ་ཁབ་ཏུ་བཅའ་སྡོད་ཨེ་ཙེ་ཨོ་ཕི་ཡའི་གཞུང་ཚབ་ཆེ་མོ་བའི་འགན་སྔ་རྗེས་སུ་འཁུར་བ་རེད།
མུའུ་ལཱ་ཐུའུ་ཡིས་ཀྲུང་གོར་སློབ་སྦྱོང་བྱེད་པའི་དུས་ནི་ཁོང་གི་མི་ཚེའི་འཚར་ལོངས་ཀྱི་འགག་རྩའི་དུས་སྐབས་ཤིག་ཡིན་པ་དང་། དེའི་རིང་ཁོང་གིས་ཀྲུང་གོའི་དགེ་རྒན་དང་སློབ་གྲོགས་ཚོའི་དབར་འཚོ་བ་དང་སློབ་སྦྱོང་ཐད་ཕར་རོགས་ཚུར་རོགས་བྱས་ནས་མཛའ་གྲོགས་ཟབ་མོ་བཙུགས་པ་མ་ཟད། བསམ་བློ་གཏོང་སྟངས་ཕྱོགས་ཡོངས་ནས་ཟབ་ཏུ་ཕྱིན་ཏེ་རྗེས་མའི་མི་ཚེའི་ལམ་བུར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད།
“ངའི་སློབ་གཉེར་གྱི་མི་ཚེའི་ནང་པེ་ཅིང་སློབ་ཆེན་གྱིས་གནས་བབ་གལ་ཆེན་བཟུང་ཡོད། ང་རང་འཛམ་གླིང་གི་ཆེས་ཕུལ་དུ་བྱུང་བའི་མཐོ་རིམ་སློབ་གླིང་དུ་སློབ་སྦྱོང་བྱེད་མྱོང་བར་སྤོབས་པ་ཆེན་པོ་སྐྱེ་གི་འདུག པེ་ཅིང་སློབ་ཆེན་གྱི་སློབ་མ་ཞིག་དང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་བདེན་དཔང་བྱེད་མཁན་ཞིག་ཡིན་པའི་ངོས་ནས་གཟི་བརྗིད་ཆེན་པོ་ཚོར་གྱི་འདུག”ཅེས་མུའུ་ལཱ་ཐུའུ་ཡིས་མྱོང་ཚོར་ཟབ་མོས་བཤད།
2013ལོའི་ཟླ་བ་བཅུ་པར། མུའུ་ལཱ་ཐུའུ་ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ལ་བདམས་པ་དང་། 2014ལོའི་ཟླ་བ་བདུན་པར། མུའུ་ལཱ་ཐུའུ་ཡིས་ཀྲུང་གོ་འདི་ཉིད་ཙུང་ཐུང་གི་འགན་ཁུར་རྗེས་ཀྱི་འཚམས་འདྲི་བྱ་ཡུལ་རྒྱལ་ཁབ་དང་པོར་བརྩིས་ཤིང་། མུའུ་ལཱ་ཐུའུ་ཡིས“ཀྲུང་གོ་འདི་ཉིད་རང་ཉིད་ཀྱིས་འཚམས་འདྲི་བྱ་ཡུལ་རྒྱལ་ཁབ་དང་པོར་བརྩི་དོན་ནི་ངས་ཀྲུང་གོར་བརྩེ་དུང་ཟབ་མོ་བཅངས་པས་ཡིན། ཨེ་ཙེ་ཨོ་ཕི་ཡ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་མཉམ་ལས་ཟབ་ཏུ་འགྲོ་བའི་རེ་བ་ཟབ་མོ་ཡོད”ཅེས་བཤད།
ཀྲུང་གོར་སློབ་སྦྱོང་དང་ལས་ཀ་བྱས་ནས་འཚོ་བ་ཡུན་རིང་བསྐྱལ་བ་དང་དེ་བཞིན་ཀྲུང་གོར་འཚམས་འདྲི་ཐེངས་མང་བྱས་པའི་ཉམས་མྱོང་ལས་ཀྲུང་གོའི་ཁྱབ་ཁོངས་ཁག་ལ་བྱུང་བའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་མུའུ་ལཱ་ཐུར་བག་ཆགས་ཟབ་མོ་བྱུང་ཡོད། ཁོང་གིས“ཀྲུང་གོར་སླེབས་རིམ་བཞིན་ཀྲུང་གོར་འཕོ་འགྱུར་ཆེན་པོ་བྱུང་བའི་ཚོར་སྣང་ཟབ་མོ་བྱུང་བར་སེམས་གཏིང་ནས་དགའ་མགུ་ཡི་རངས་ཞུ་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་ལག་བསྟར་བྱས་པ་དང་འབྲེལ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཆེན་པོ་ཐོབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་གང་ལེགས་མངོན་ཡོད། ད་ཆ་ཀྲུང་གོ་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་འཕེལ་རྒྱས་བྱུང་ཡོད”ཅེས་བརྗོད།
མུའུ་ལཱ་ཐུའུ་ཡིས། སྒྱུར་བཅོས་སྒོ་དབྱེ་བྱེད་རིང་ཀྲུང་གོས་ཁྲོམ་རའི་དཔལ་འབྱོར་གྱི་ལེགས་ཆ་འདོན་རྒྱུར་མཐོང་ཆེན་དང་ཕྱི་རྒྱལ་གྱི་མ་དངུལ་ཀྲུང་གོའི་ཁྲོམ་རར་འཇོག་རྒྱུར་སྐུལ་མ་བཏང་བ་དེས་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད་ཅེས་བརྗོད་པ་དང་། ཁོང་གིས“དཔལ་འབྱོར་རྒྱུན་མཐུད་འཕར་བ་ལས་ཕན་པ་ཐོབ་མཁན་དང་པོ་ནི་མི་དམངས་ཡིན། ཀྲུང་གོས་རྒྱལ་སྤྱིའི་ཁྲོམ་ར་དང་རྒྱལ་སྤྱིར་མ་འཇོག་གི་སྒོ་མོ་རྒྱུན་ཆད་མེད་པར་ཕྱེ་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ཀྲུང་གོའི་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱས་པས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།