སྡེ་ཚན་གསུམ་གྱིས་ཡིག་ཆ་བཀྲམ་ནས་རྒྱལ་ཁབ་ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་རིགས་དྲུག་གཙོ་གནད་དུ་བསྐྲུན་རྒྱུ་ཡིན་པ།
ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་ས་ཁག་གཅིག་གཏོད་པ།
ཉེ་དུས། ཞིང་ལས་དང་གྲོང་གསེབ་པུའུ་དང་། ནོར་སྲིད་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་བཅས་ཀྱིས《རྒྱལ་ཁབ་ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་གྱི་ཇུས་གཞི》བཀྲམ་པ་རེད། ཇུས་གཞིའི་ནང་། ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་ས་ཁག་གཅིག་གཏོད་པ་དང་། ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་ཚོད་ལྟའི་ཞིང་ཁ་ཁག་གཅིག་མགྱོགས་མྱུར་སྐྱེད་སྲིང་བྱེད་པ། ཞིང་ལས་ཕྱོགས་ཡོངས་ལྗང་མདོག་ཕྱོགས་སྒྱུར་གྱི་ཚད་ཤིང་ཁག་གཅིག་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་ལས་དེང་རབས་ཅན་སྤྱིར་ན་མངོན་འགྱུར་བྱ་ཆེད་ལག་ལེན་གྱི་དཔེ་མཚོན་གཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་དེང་རབས་ཅན་བསྐྲུན་རྒྱུར་དཔེ་སྟོན་སྣེ་ཁྲིད་བྱེད་དགོས་ཞེས་བཏོན་ཡོད།
འཛུགས་གཏོད་དམིགས་ཚད་ཐད། ཇུས་གཞིའི་ནང་། 2030ལོར་སླེབས་སྐབས་རིམ་རྩིས་བརྒྱབ་ན་དཔེ་སྟོན་ཁུལ་500ཙམ་འཛུགས་གཏོད་བྱ་རྒྱུའི་གཏན་འཁེལ་བྱས་ཤིང་། འབྲུ་རིགས་ཐོན་ལས་དང་། གསོ་ཚགས་ལས་རིགས།ལེགས་ཆའི་ཁྱད་ལྡན་ཐོན་ལས། རིག་ལྡན་ཞིང་ལས། གྲོང་ཁྱེར་ཞིང་ལས། སྐམ་འདེབས་ཞིང་ལས་བཅས་དཔེ་སྟོན་ཁུལ་6གཙོ་གནད་ཐོག་བསྐྲུན་ནས། མཐུན་རྐྱེན་འཛོམས་པའི་དཔེ་སྟོན་ཁུལ་སྔོན་ལ་ཞིང་ལས་དེང་རབས་ཅན་སྤྱིར་ན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། གཙོ་གནད་ཚད་བརྒལ་དང་རིམ་པ་བཞིན་སྐུལ་འདེད་གཏོང་བའི་འཛུགས་སྐྲུན་གྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས་ཞེས་བཏོན་ཡོད།
འཛུགས་གཏོད་ལས་འགན་ཐད། ཇུས་གཞིའི་ནང་། རིགས་ཁག་གི་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་ངེས་གནས་དང་རེ་ཞུའི་ཚད་གཞི་དང་དེ་བཞིན་འཛུགས་གཏོད་དམིགས་ཚད་ཁ་གསལ་བཟོས་ནས། “རྒྱུན་གཏན་གྱི་ལས་འགན+ཆེད་དོན་ལས་འགན”བཀོད་སྒྲིག་བྱས་ཏེ་དཔེ་སྟོན་ཁུལ་གྱི་འཛུགས་གཏོད་ལས་དོན་ལ་རིགས་དབྱེའི་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་མ་ཟད། རེ་ཞུ་བྱེད་མཁན་རྫོང་གིས་རེ་འདུན་ཚད་གཞི་དང་འཚམ་པའི་རེ་ཞུའི་རིགས་ཤིག་བདམས་ནས། འཛུགས་གཏོད་ལས་འགན་དང་རིགས་ཁག་གི་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་བླང་བྱ་གཞིར་བཟུང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། གཙོ་རྒྱུའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། མཛུབ་ཁྲིད་ཀྱི་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ནས། རང་རང་སོ་སོའི་ལེགས་ཆ་དང་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་གཏོང་སྟངས་ཤིག་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཞིང་ལས་དེང་རབས་ཅན་ལ་རིམ་པ་བཞིན་སྐུལ་འདེད་གཏོང་བའི་རྣམ་པ་ཞིག་ཆགས་པར་བྱེད་དགོས་ལུགས་ཀྱང་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།