“2026ལོའི་རྒྱལ་ཡོངས་ཀྱི་དྲ་ཐོག་གི་ལོ་གསར་མཁོ་ཆས་དུས་ཆེན”གཉེར་རྒྱུ་ཡིན་པ།
ཁྱད་ལྡན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ།
ཉེ་ཆར་གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་1ཚེས་19ཉིན་ནས་ཟླ་3ཚེས་4ཉིན་བར་ཚོང་དོན་པུའུ་ཡིས་འབྲེལ་ཡོད་ཚན་པ་དང་མཉམ་དུ“2026ལོའི་རྒྱལ་ཡོངས་ཀྱི་དྲ་ཐོག་གི་ལོ་གསར་མཁོ་ཆས་དུས་ཆེན”གཉེར་རྒྱུར་མཛུབ་ཁྲིད་བྱ་རྒྱུ་ཡིན་ཞིང་། “ཀྲུང་གོ་ནས་ཉོ་བའི”ད་ལོའི་དྲ་ཐོག་གི་གཙོ་གནད་བྱེད་སྒོ་ཐོག་མ་ཡིན་པའི་ངོས་ནས་སྐབས་འདིའི་ལོ་གསར་གྱི་མཁོ་ཆས་དུས་ཆེན་གྱིས་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། ཕུན་སུམ་ཚོགས་པའི་ཚོང་ཟོག་མཁོ་སྤྲོད། འཛད་སྤྱོད་ཀྱི་རྣམ་པ་གསར་པ་གཏོད་པ། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་དང་སྦྲེལ་མཐུད་བྱེད་པ་བཅས་བརྗོད་དོན་གཙོ་བོ་བཞིར་དམིགས་ཏེ། ས་གནས་ཁག་དང་ལས་སྟེགས་ཁག་སྒྲིག་འཛུགས་བྱས་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འཕེལ་བ་དང་། འཛད་སྤྱོད་ཀྱི་སྤུས་ཚད་ལེགས་སུ་གཏོང་བ། འཛད་སྤྱོད་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱ་རྒྱུ་རེད།
ད་ལོའི་ལོ་གསར་གྱི་མཁོ་ཆས་དུས་ཆེན་གྱིས“1+N”ཡི་རྣམ་པ་སྤྱོད་རྒྱུ་ཡིན་ཞིང་། “1”ནི་ཀན་སུའུ་ལན་ཀྲོའུ་རུ་རྒྱལ་ཡོངས་ཀྱི་འགོ་ཚུགས་མཛད་སྒོ་གཉེར་རྒྱུ་དང་། ནུབ་བྱང་གི་ཞིང་ཆེན་ལྔ་དང་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་ལེ་ལག་ཚང་བའི་བྱེད་སྒོ་གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་ཏེ། དར་གོས་ལམ་བུའི་གནའ་ཉམས་དང་དྲ་ཐོག་ཚོང་དོན་གྱི་གསོན་ཤུགས་མཉམ་དུ་འདྲེས་པའི་ལོ་གསར་གྱི་མཁོ་ཆས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམ་རྒྱུ་རེད། “N”ནི་ས་གནས་ཁག་དང་ལས་སྟེགས་ཁག་གིས་དཔྱིད་གསར་དུས་ཆེན་རིང་གི“ཟ་སྡོད་འགྲོ་སྐོར་ཉོ་རྩེད”ཀྱི་དགོས་མཁོར་དམིགས་ཏེ་སྣ་མང་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་ལེ་ལག་ཚང་བའི་བྱེད་སྒོ་བཏོན་ནས“ལོ་གསར་གྱི་རྣམ་པ་མཚོན་པའི་ས་བཀྲ”དང“ལོ་གསར་མཁོ་ཆས་ཀྱི་གསལ་ཐོ”བཟོ་བ་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་དང་རིག་གནས་བསམ་འཀོད་འགྲེམས་ཚོང་བྱས་ཏེ་དཔྱིད་གསར་དུས་ཆེན་རིང་གི་འཛད་སྤྱོད་ལ་འཚོ་བའི་ཉམས་སྣང་ལྡན་པ་མ་ཟད་དེ་བས་རིག་གནས་ཀྱི་ཉམས་འགྱུར་ལྡན་པ་བྱ་རྒྱུ་རེད།
དུས་མཚུངས་ཚོང་དོན་པུས“དར་གོས་ལམ་བུའི་དྲ་ཐོག་ཚོང་དོན་གྱི་ལོ་གསར་གཏོང་བའི”བྱེད་སྒོ་དང་མཉམ་འདྲེས་བྱས་ནས་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་དང་། ཚོང་ཁང་ཆེ་གྲས་ཁག“དར་གོས་ལམ་བུའི་དྲ་ཐོག་ཚོང་དོན”གྱི་རོགས་ཟླའི་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཁང་དང་། ཐད་གཏོང་དྲ་ཐོག་ཚོང་དོན་རྟེན་གཞི་སོགས་ལ་མཛུབ་ཁྲིད་བྱས་ཏེ། ལོ་གསར་གྱི་མཁོ་ཆས་ཕྱིར་ཚོང་དང་དར་གོས་ལམ་བུའི་སྤུས་དག་དངོས་པོའི་དཔྱིད་གསར་དུས་ཆེན་གྱི་ཚོང་འདུས་སོགས་ཀྱི་བྱེད་སྒོ་སྤེལ་ནས་དཔྱིད་གསར་དུས་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ལོ་གསར་གྱི་མཁོ་ཆས་གོ་ལ་ཧྲིལ་པོར་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དཔྱིད་གསར་དུས་ཆེན་ལ་དགའ་སྤྲོ་དང་བཀྲ་ཤིས་པའི་རྣམ་པ་ཞིག་གཏོད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།