“བོད་ལུག་ནེ་པ་ལར་ཕྱིར་གཏོང་བྱས་པའི”གྲངས་འབོར་གྱིས་ཉེ་བའི་ལོ་ལྔའི་རིང་གི་ཟིན་ཐོ་གསར་པ་བཏོད་པ།
གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། 2025ལོར་བོད་ཀྱི་ར་དང་ལུག་སོགས་ཕྱུགས་ཟོག་7222ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་7.42%འཕར་ནས། ཉེ་བའི་ལོ་ལྔའི་རིང་ཕྱིར་གཏོང་གི་ཟིན་ཐོ་གསར་པ་བཏོད་པ་དང་། ནེ་པ་ལ་ནས་གཟན་རྩ་ཏུན་1104.3ནང་འདྲེན་བྱས་པ་དེ་དུས་མཚུངས་ལས་83.58% འཕར་ཡོད། “བོད་ལུག་ནེ་པ་ལར་ཕྱིར་གཏོང”དང“ནེ་པ་ལའི་གཟན་རྩྭ་བོད་དུ་ནང་འདྲེན་བྱེད་པའི”ཕྱོགས་གཉིས་མཉམ་འགུལ་ལས་ལྗང་མདོག་འཕེལ་རྒྱས་ཀྱི་གདུབ་ཟུམ་ཡག་པོ་ཞིག་ཆགས་པ་མ་ཟད། བོད་ཀྱི་གྲོང་གསེབ་དར་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་སྐུལ་འདེད་ལ་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད།
ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བོད་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ཕྱུགས་ཟོག་ཕྱིར་གཏོང་བྱེད་པ་དེ་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བ་དང་། མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། ལག་རྩལ་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་འབྲོག་ཁུལ་དུ་བསྐྱོད་དེ་འཇམ་ནད་སོགས་རིམས་ནད་ལ་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ཞིང་འབྲོག་པར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་གཏོང་བ། ཕྱུགས་རིགས་སྨན་རྫས་སོགས་རིན་མེད་ཀྱིས་སྤྲོད་པ་བཅས་བྱས་པ་མ་ཟད། ས་གནས་དེ་གའི་ཞིང་འབྲོག་སྡེ་ཚན་དང་མཉམ་དུ་སྲོག་ཆགས་ཐོན་ཁུལ་གྱི་འགོས་ནད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་གཞི་རྩའི་ཆ་ནས་བརྟན་པོ་བསྐྲུན་ཡོད།
འགག་སྒོ་ནས་ཕྱུགས་ཟོག་བདེ་བླག་ངང་གཏོང་ཐུབ་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“གཅིག་གཏད་གཅིག་གི་མཛུབ་ཁྲིད་དང་འབྱོར་མ་ཐག་ཞིབ་བཤེར”དང་དེ་བཞིན་དུས་ཆེན་དང་གུང་གསེང་རིང“སྔོན་མངགས་རེ་ཞུ་དང་ཆེད་མིའི་ལས་རེས”སོགས་ཀྱི་ཞབས་ཞུ་བརྒྱུད་འགག་སྒོ་ནས་གཏོང་བའི་དུས་ཚོད་ནར་འགྱངས་མི་ཡོང་བ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།