དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ལྷ་མོ་འཁྲབ་མཁན་བྱིས་པ་གཉིས་ལ་རྒྱལ་ཡོངས་ཀྱི“དཔྱིད་འགོའི་མེ་ཏོག་ཆུང་ངུའི”མཚན་སྙན་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-20

    ཚེས་14ཉིན། བོད་ཀྱི་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པར“ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་ལྷན་འཛོམས”ཞེས་པའི་བྱེད་སྒོ་སྐབས་29པའི་ཐོག་རང་ལྗོངས་ཀྱི་བརྩམས་ཆོས་ལ་བྱ་དགའ་ཐོབ་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། “ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་ལྷན་འཛོམས”ཞེས་པའི་བྱེད་སྒོར་ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི“དཔྱིད་འགོའི་མེ་ཏོག་ཆུང་ངུའི”མཚན་སྙན་ཐོབ་པའི་ལྷ་མོ་འཁྲབ་མཁན་བྱིས་པ་བསྟན་འཛིན་དཔལ་ལྡན་དང་ནོར་སྒྲོན་གཉིས་ལ་གཟི་བརྗིད་ཀྱི་མཚན་སྙན་ལག་ཁྱེར་སྤྲད་པ་མ་ཟད། ལྷ་མོ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་དམིགས་ནས་བཞུགས་མོལ་སྤེལ་རེས་ཀྱང་བྱས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི“ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་ལྷན་འཛོམས”བྱེད་སྒོར་རྒྱལ་ཡོངས་ཀྱི་ཞིང་ཆེན་30ཡི་འཁྲབ་སྟོན་ཚན་པ་246ཞུགས་ཡོད་པ་དེ་དག་ཟློས་གར་གྱི་རིགས་47ལ་ཁྱབ་ཡོད། འགྲན་བསྡུར་ཛ་དྲག་བྱས་པ་བརྒྱུད། བོད་ནས་བདམས་པའི་སློབ་མ་བསྟན་འཛིན་དཔལ་ལྡན་དང་། ནོར་སྒྲོན་གཉིས་པོའི་རྨང་གཞིའི་ཟློས་གར་འཁྲབ་རྩལ་བྱང་ཆུབ་ཅིང་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པས་གར་སྟེགས་ཐོག་གཟེངས་སུ་ཐོན་པ་བྱུང་སྟེ། ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི“དཔྱིད་འགོའི་མེ་ཏོག་ཆུང་ངུའི”མཚན་སྙན་ཐོབ་ཡོད།

    བོད་ཀྱི་ཟློས་གར་མཐུན་ཚོགས་ཀྱི་ཀྲུའུ་ཞི་དཔལ་ལྡན་དབང་ཕྱུག་གིས། 2021ལོ་ནས“ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་ལྷན་འཛོམས”བྱེད་སྒོར་ཞུགས་ཚུན། བོད་ཀྱི་ཟློས་གར་མཐུན་ཚོགས་ཀྱིས་ཟློས་གར་མཁས་ཅན་བྱིས་པ་གསོ་སྐྱོང་ཟམ་མི་ཆད་པར་བྱས་པར་རིམ་རྩིས་བརྒྱབ་ན“དཔྱིད་འགོའི་མེ་ཏོག་ཆུང་ངུའི”མཚན་སྙན་12དང་། མཉམ་སྡེབ་ཕུལ་བྱུང་ལེ་ཚན་བྱ་དགའ་3 ཕུལ་བྱུང་སྒྲིག་འཛུགས་བྱ་དགའ་1བཅས་ཐོབ་ནས་རྒྱལ་ཁབ་རིམ་པའི་ཆེད་ལས་གར་སྟེགས་ཐོག་ལྷ་མོ་འཁྲབ་མཁན་བྱིས་པའི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།