དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མང་ཚོགས་ལུས་རྩལ་སྣ་མང་ཕུན་སུམ་ཚོགས། འཁྲུག་ཆ་དོད་ཅིང་གསོན་ཤུགས་གསར་པ་རྒྱས།

    —— ཉིང་ཁྲི་གྲོང་ཁྱེར་གྱིས་མང་ཚོགས་ལུས་རྩལ་གྱི་གསོན་ཤུགས་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-20

    བྲག་གསུམ་མཚོ་བསྐོར་བའི་རྒྱལ་སྤྱིའི་རི་ཁུལ་རྐང་འཁོར་བྱེས་བགྲོད་མྱུར་ཚད་འགྲན་བསྡུར་གྱི་རྒྱུག་ལམ་དུ་བདམས་ཐོན་པ་ཚོས་ས་མཐོའི་བསིལ་རླུང་ཁྲོད་མདུན་དུ་སྐྱོད་སྐབས། ལམ་རྒྱུད་ཀྱི་སྟར་པ་སྒྲིག་པའི་བོད་ཁང་འགྲམ་ནས་ཞིང་འབྲོག་མང་ཚོགས་ཚོས“ཤུགས་རྒྱོབས། ཤུགས་རྒྱོབས” ཞེས་འབོད་བཞིན་ཡོད་པ་དང་། མཚོ་འགོ་གྲོང་ཚོའི་ས་སྟོང་དུ་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་ཕྲུ་གུ་ཚོར་བི་ཤུ་འཕེན་སྟངས་རེ་རེ་བཞིན་བསླབས་ཏེ་དགོད་སྒྲས་ཁེངས་ནས་ཡོད་པ་དང་། འཕྱོ་གཡེང་འགྲན་ལམ་དུ་གྲུས་རླབས་ཕྲེང་གཤགས་པའི་ཆུ་ངོས་ལས་རྒྱལ་ལམ་318རྒྱུད་ཀྱི་གནའ་བོའི་མཁར་རྫོང་གི་གཟུགས་བརྙན་གསལ་ལེར་མངོན་པ་སོགས། ད་ཆའི་ཉིང་ཁྲིར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐང་ཆེན་ནས་མཛེས་ལྗོངས་ཁུལ་གྱི་སྦས་ལུང་བར་དང་། སློབ་གྲྭའི་ཐང་ཆེན་ནས་གྲོང་གསེབ་ཀྱི་ཐང་སྡེར་བར་དུ་མང་ཚོགས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་འཁྲུག་ཆ་དོད་པོས་གཉེར་ནས“ལུས་རྩལ་གྱིས་དམངས་འཚོར་ཕན་བཏགས་པ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། རིག་གནས་རྒྱུན་འཛིན་བྱེད་པ” བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་མངོན་བཞིན་མཆིས།

    རྒྱལ་ཡོངས་ཀྱི་མང་ཚོགས་ལུས་རྩལ་གྱི་སྔོན་ཐོན་ཚན་པ་ཡིན་པའི་ཉིང་ཁྲི་གྲོང་ཁྱེར་གྱིས་ཀོང་པོ་རྒྱ་མདའ་རྫོང་ཚོད་ལྟ་བྱ་ཡུལ་དུ་བྱས་ཏེ། ལུས་རྩལ་གྱི་ཕན་ཡོན་སྣ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་ཏེ་གངས་ལྗོངས་ས་མཐོར་ལུས་རྩལ་གྱི་ཚ་རླབས་འཕྱུར་བར་བྱས་ཡོད།

    རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་ཡུལ་དུ་འཕྲུལ་འཁོར་ཆེ་གྲས་ནས་འུར་སྒྲ་གྲགས་བཞིན་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་། གྲོང་ཁྱེར་དང་། གྲོང་གསེབ། ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་ཀྱི་ལུས་རྩལ་སྒྲིག་བཀོད་རིམ་སྤོར་ལས་གྲྭར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད། མིག་སྔའི་བར། ཀོང་པོ་རྒྱ་མདའ་རྫོང་གིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་ནས། སྲིད་འཛིན་གྲོང་ཚོ་82ལ་ལུས་སྦྱོང་སྒྲིག་ཆས་ཁྱབ་པར་བྱས་ཏེ། མི་རེར་ཆ་སྙོམས་ལུས་རྩལ་ཐང་རྒྱ་ཁྱོན་སྨི་ངོས་གྲུ་3.7དང་། ཤང་དང་གྲོང་རྡལ་ལ་བྱེད་ནུས་མང་བའི་ལུས་རྩལ་ཐང་5 སློབ་གྲྭ་འབྲིང་ཆུང་10ལ་ལུས་རྩལ་ཐང་དང་བྲག་གསུམ་མཚོའི་ཆུ་ཐོག་ལུས་རྩལ་རྟེན་གཞི་སོགས་མཛེས་ལྗོངས་ཁུལ་32ལ་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྔ་རྗེས་སུ་བསྐྲུན་ཡོད།

    སྤུས་རྟགས་འགྲན་བསྡུར་གཉེར་བ་དེས་གངས་ལྗོངས་སུ་འགྲན་བསྡུར་གྱི་ཚ་རླབས་འཕྱུར་ཞིང་། བྲག་གསུམ་ཚོ་བསྐོར་བའི་རྒྱལ་སྤྱིའི་རི་ཁུལ་རྐང་འཁོར་བྱེས་བགྲོད་མྱུར་ཚད་འགྲན་བསྡུར་སྐབས་11བསྟུད་མར་གཉེར་བར་རྒྱལ་ཁབ་11དང་། དེ་བཞིན་རྒྱལ་ནང་གི་བདམས་ཐོན་པ་2000ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཤིང་། འགྲན་བསྡུར་བྱེད་རིང་། མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་དུས་མཚུངས་ལས་20%འཕར་བ་དང་། ཉེ་འཁོར་གྱི་དམངས་སྲོལ་གནས་ཚང་ལ་སྡོད་མཁན་68%བར་མཐོ་རུ་ཕྱིན་ཡོད། “རྒྱལ་སྤྱིའི་Aརིམ་པའི་སྐར་གསོག་འགྲན་ལམ”ལ་ཁས་ལེན་བྱས་པའི་བྲག་གསུམ་མཚོའི་འཕྱོ་གཡེང་འགྲན་ལམ་དུ་ཨུ་རུ་སུ་དང་། དབྱིན་ཇི། ཧྥ་རན་སི་སོགས་ནས་ཡོང་བའི་རྩེར་སོན་རུ་ཁག་42མཉམ་དུ་རྩལ་འགྲན་ནང་ཞུགས་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལུས་རྩལ་འཕྲིན་ལམ་དང་ཁྱུག་དབྱིངས་ཐད་གཏོང་སོགས་ལས་སྟེགས་ནས་དེའི་གནས་ཚུལ་བསྟན་པར་དྲ་ལམ་ནས་ལྟ་མཁན་མི་ཐེངས་ཁྲི་300ལྷག་ཙམ་ཟིན་པ་དང་། ལོ་ཧྲིལ་པོར་ཆུ་ཐོག་ལུས་རྩལ་ལ་མྱོང་རོལ་བྱེད་མཁན་མི་ཐེངས་ཁྲི་3ལས་བརྒལ་ཡོད།

    དཔྱིད་ཀ་ཁམ་བུའི་མེ་ཏོག་དུས་ཆེན་འཆར་སྐབས་རྐང་འཁོར་བཞོན་པ་དང་། དབྱར་ཁ་རྐང་ཐང་མར་ཕྱི་རོལ་ཞག་སྡོད་བྱེད་པ། སྟོན་ཁ་འཕྱོ་གཡེང་རིག་གནས་དུས་ཆེན་གཏོང་བ། དགུན་ཁ་སྲོལ་རྒྱུན་ལུས་རྩལ་མྱོང་རོལ་གཟའ་འཁོར་གཉེར་བ་བཅས་དུས་བཞིའི་བརྗོད་དོན་གཙོ་བོའི་བྱེད་སྒོས་ལོ་ཧྲིལ་པོའི་འཛད་སྤྱོད་མཐོ་རླབས་འཕྱུར་བར་བྱས་པ་དང་། ཆེད་ལས་ཀྱི་ལུས་རྩལ་རིག་གནས་ཡུལ་སྐོར་ཁེ་ལས་4ཡིས་དམིགས་བསལ་ཐོན་རྫས་བཞི་བཏོན་ཞིང་། “ལུས་རྩལ་དང་ཞིང་ཞོར་ཐོན་རྫས་ཟུང་འབྲེལ”གྱི་ཁྱབ་གདལ་གཏོང་སྟངས་བཏོན་པ་དེས་བདམས་ཐོན་པས་ལུས་རྩལ་རྩེད་ཞོར་ས་མཐོའི་ཞིམ་ཟས་རོལ་ཐུབ་ལ་ཡུལ་ཟོག་ཀྱང་ཉོ་ཐུབ་ཀྱི་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། 2025ལོར་ཀོང་པོ་རྒྱ་མདའ་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་375.9ལ་སྣེ་ལེན་ཞུས་པ་དང་། ཕྱོགས་ཐོན་ལུས་རྩལ་མྱོང་རོལ་བྱེད་མཁན་ཡུལ་སྐོར་བས་45%བཟུང་བ། ཞིང་འབྲོག་པ་2100ཡིས་ལུས་རྩལ་དང་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པར་འབབ་འཕར་སྒོར་ཁྲི་1600བྱུང་ཡོད།

    ལུས་རྩལ་ཐང་ནི་རིག་གནས་རྒྱུན་འཛིན་གྱི་གཞི་རྟེན་དུ་གྱུར་ཞིང་། ཀོང་པོའི་བེ་ཤུ་དང་། མི་རིགས་ཀྱི་རྟ་རྩལ། གཉའ་གཅོག་སོགས་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་ལ“མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་འགྲན་བསྡུར་གྱི་ལས་སྟེགས་ཟུང་འབྲེལ”བརྒྱུད་གསོན་ཤུགས་གསར་པ་འཕེལ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་སློབ་གྲྭ་དང་གྲོང་གསེབ་ཏུ་བསྐྱོད་དེ་བྱེད་སྒོ་ཁག་60ལྷག་ཙམ་སྤེལ་བར། སློབ་མ་ཁྲི་ཡན་དང་ཞིང་འབྲོག་རྒྱུན་འཛིན་པ་300ལྷག་ཙམ་ལ་ཁྱབ་ཡོད། རིམ་པ་མི་འདྲ་བའི་འགྲན་བསྡུར་བྱེད་རིང་། ཞིང་འབྲོག་ལུས་རྩལ་པར་གྲུབ་འབྲས་བཟང་པོ་ཡང་ཡང་ཐོབ་ནས་ཨང་དང་པོ་ཐེངས་མང་དང་བྱ་དགའི་གཟེངས་རྟགས་21ཐོབ་ཡོད། འགྲན་བསྡུར་བྱ་ཡུལ་དུ་ཤུ་པའི་གནའ་བོའི་མཁར་རྫོང་དང་ཐའེ་ཀྲའོ་གནའ་གྲོང་སོགས་མི་ཆོས་རིག་གནས་ཀྱི་མཚོན་རྟགས་གནས་ཡུལ་དང་ཟུང་དུ་འབྲེལ་བ་དང་། དེའི་རྒྱབ་ལྗོངས་སུ་ཉང་ཆུ་དང་ཁམ་བུའི་མེ་ཏོག་གི་ཡུལ་ལྗོངས་ཡོད་པ་མ་ཟད། ལམ་སྟོན་བྱང་བུ་ཀོང་པོའི་བོད་ལུགས་ཀྱི་བཟོ་ལྟ་བཟོས་ཐོག ལམ་རྒྱུད་དུ་གླུ་ལེན་གར་འཁྲབ་དང་། བོད་ཡིག་ཡིག་གཟུགས་ཉམས་ལེན། མཐའ་མའི་ས་ཚིགས་སུ་ནས་ཆང་བཀྱག་པའི་མཛད་སྒོ་གཉེར་བ་སོགས་ཀོང་པོའི་ལུགས་སྲོལ་བརྒྱུད་འགྲན་བསྡུར་རེ་རེ་ལས་ས་གནས་ཀྱི་རིག་གནས་སྤེལ་རེས་གར་སྟེགས་ཤིག་མངོན་པར་བྱས་ཡོད།

    ད་ཆ་ཉིང་ཁྲི་གྲོང་ཁྱེར་གྱིས་མང་ཚོགས་ལུས་རྩལ་སྦྲེལ་ཐག་ཏུ་བྱས་པས། བདེ་ཐང་གི་འཚོ་བའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་སྟེ་ལུས་རྩལ་གྱི་འཛད་སྤྱོད་གསོན་ཤུགས་རྒྱུན་མཐུད་འཕེལ་བ་དང་། མི་རིགས་ཀྱི་རིག་གནས་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།