དཀར་གཙང་མཇལ་དར་གཉེན་ཉེར་འབུལ།
—— ས་སྐྱ་རྫོང་ལ་ལྷོ་ཤང་གི་གེགས་རྗེས་བསྐྱར་སྐྲུན་ལས་དོན་ནང་ཞུགས་མཁན་ལས་མི་ཚོའི་སྐོར་བཀོད་པ།

འདི་ནི་ལ་ལྷོ་ཤང་མཐའ་གྲོང་ཚོའི་གྲོང་མི་ཚོས་གྲོང་ཚོ་འགན་གཙང་ལས་བྱེད་པ་དང་ཨར་ལས་རུ་ཁག་གི་ལས་མིར་ཁ་བཏགས་གཡོག་བཞིན་པ།
“དཀར་གཙང་མཇལ་དར་གཉེན་ཉེར་ཕུལ་ནས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཚེ་འདིར་སྡོད་ཁང་སྐྱིད་པོ་འདི་འདྲར་སྡོད་ཐུབ་སྙམ་པ་བསམ་པའི་ཡུལ་ལའང་མེད། དེ་ནི་ཏང་གི་བཀའ་དྲིན་ཡིན་ལ། ཁྱེད་ཚོས་སྐུ་ལས་བསྐྱོན་པ་ལས་བྱུང་བ་ཞིག་རེད”2025ལོའི་ཟླ་བ་བཅུ་པའི་ཟླ་མཇུག་ཏུ། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ལ་ལྷོ་ཤང་མཐའ་གྲོང་ཚོའི་གེགས་རྗེས་བསྐྱར་སྐྲུན་གྱི་སྡོད་ཁང་ཚང་མ་བསྐྲུན་ཟིན་ནས་གྲོང་མི་རྣམས་དགའ་སྤྲོའི་ངང་སྡོད་ཁང་གསར་པར་སྤོས་པ་རེད། སྡོད་ཁང་གསར་པར་སྤོས་པའི་ཉིན་དེར། དེ་སྔ་གནས་སྤོ་བྱེད་མི་འདོད་པའི་ཚེ་བརྟན་གྱིས་དཀར་གཙང་མཇལ་དར་གྲོང་ཚོ་འགན་གཙང་ལས་བྱེད་པ་དང་ཨར་ལས་རུ་ཁག་གི་ལས་མིར་གཡོགས་ནས་ཐུགས་རྗེ་ཆེའི་སེམས་པ་མཚོན་པར་བྱས།
གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ལ་ལྷོ་ཤང་ནི་རི་ཚོགས་ཁྲོད་གནས་ཤིང་། དུད་ཁྱིམ་392ཀྱི་སྡོད་ཁང་གསར་པ་སྐྲུན་དགོས་ཀྱི་ཡོད། གྲོང་ཚོ་ལ་ལའི་ཡུལ་མིའི་སྡོད་ཁང་ལ་དེ་སྔ“གཡང་གཟར་བྲག་རིའི་སྟེང་གི་བྱ་རྒོད་ཀྱི་ཚང”ཞེས་འབོད་ཀྱི་ཡོད། ལམ་ཡག་པོ་མེད་རྐྱེན་ཨར་འདམ་སྐྱེལ་འདྲེན་རླངས་འཁོར་ལམ་དེ་ནས་སྐྱོད་སྐབས་ཁ་ལོ་བས་མདུན་གྱི་ཉེན་བརྡའི་དར་ཆར་བལྟས་ནས་བློ་རྩེ་གཅིག་སྒྲིམ་བྱེད་དགོས་ཀྱི་ཡོད། དཀའ་ཁག་ཆེ་ཤོས་ནི་ཆར་དུས་སུ་ཡིན། ཆར་པ་བབས་རྗེས་ལམ་བུ་ཆུས་ཁེངས་ལ་ཀོང་དོང་ཡང་མང་བས་གལ་ཏེ་རླངས་འཁོར་ཀོང་དོང་ནང་ལུས་ཚེ་འདོན་འཇུག་འཕྲུལ་འཁོར་གྱིས་འཐེན་དགོས་ཀྱི་ཡོད། ལྷག་པར་དུ་བསིལ་བ་གྲོང་ཚོ་རི་ལྡེབས་སུ་གནས་པས། ལམ་བུ་ཀྱག་ཀྱོག་གཅིག་ལས་མེད། གེགས་རྗེས་བསྐྱར་སྐྲུན་གྱི་ཨར་ལས་རྒྱུ་ཆ་ཇི་ལྟར་དབོར་དགོས་སམ། ལས་མིས་ལས་ཀ་ཇི་ལྟར་བྱེད་དགོས་སམ། ཨར་ལས་འཕྲུལ་འཁོར་ཇི་ལྟར་བྱས་ནས་སྐྱོད་དགོས་སམ། གནད་དོན་དེ་དག་ལ་ལྷོ་ཤང་གི་གེགས་རྗེས་བསྐྱར་སྐྲུན་གྱི་འཐབ་ཕྱོགས་དང་པོའི་ཏང་ཡོན་ལས་བྱེད་པ་ཚོར་འཕྲད་པའི་དཀའ་གནད་ཅིག་རེད།
“ང་ཚོས་སྔོན་ལ་རླངས་འཁོར་ཆེན་པོས་ཨར་ལས་རྒྱུ་ཆ་རི་གཤམ་དུ་སྐྱེལ་བ་དང་དེ་ནས་ཟོག་འདྲེན་རླངས་འཁོར་ཆུང་གྲས་ཀྱིས་ལམ་ཡོད་སའི་བར་སྐྱེལ་བ་དང་དེ་རྗེས་མི་དང་ཁལ་མས་གྲོང་ཚོར་དབོར་གྱི་ཡོད”ཅེས་བསིལ་བ་གྲོང་ཚོའི་གྲོང་ཚོ་འགན་གཙང་ལས་བྱེད་པ་བསོད་ནམས་རྡོ་རྗེས་བཤད། གྲོང་ཚོ་འགན་གཙང་ལས་བྱེད་པ་ཚོས་ཀྱག་ཀྱོག་གི་རི་ལམ་དེར་ཐེངས་མང་བསྐྱོད་དེ་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་ཨར་ལས་རྒྱུ་ཆ་འཕྲལ་མར་འབྱོར་ཐུབ་པ་བྱས་ཡོད།
ཨར་ལས་རྒྱུ་ཆ་འགན་ལེན་ཐུབ་ཀྱང་། ཨར་ལས་རུ་ཁག་ལ་ས་བབ་མཐོ་བ་དང་། བརྡ་རྟགས་མེད་པ། རི་ལམ་ཉེན་ཁ་ཆེ་བ། ཆ་རྐྱེན་ཞན་པ་སོགས་ཀྱི་དཀའ་ངལ་འཕྲད་ཡོད། ཨར་ལས་ཀྱི་མྱུར་ཚད་འགན་ལེན་བྱ་ཆེད། གེགས་རྗེས་བསྐྱར་སྐྲུན་གྱི་འཐབ་ཕྱོགས་དང་པོའི་ཏང་ཡོན་ལས་བྱེད་པ་ཚོས་རང་འགུལ་ངང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཚོགས་ཆུང་བཙུགས་ཏེ།གྲོང་ཚོ་ཨུ་ཡོན་ལྷན་ཁང་ཨར་ལས་པའི་ཉལ་ཁང་བཟོས་པ་དང་ཁོང་ཚོར་རིན་པ་མི་དགོས་པར་རྒྱུན་མཁོའི་འཚོ་བའི་མཁོ་ཆས་སྤྲད་པ་མ་ཟད། ལྟོ་དུས་གསུམ་ཡང་སྟེར་གྱི་ཡོད། ཁོང་ཚོའི་ལྷག་བསམ་ཟོལ་མེད་དང་བརྩེ་བ་ཟབ་མོས་ཨར་ལས་རུ་ཁག་ལ་སེམས་འགུལ་ཐེབས་ནས་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སེམས་ཐག་བཅད།
ས་སྐྱ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཤང་འགན་ལེན་ལས་བྱེད་པ་བཀྲ་ཤིས་ཕུན་ཚོགས་ཀྱིས“གེགས་རྗེས་བསྐྱར་སྐྲུན་ཐད་དཀའ་ངལ་མང་པོ་འཕྲད་ཀྱི་འདུག འོན་ཀྱང་ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་དཀའ་ངལ་རྣམས་ཐག་གཅོད་བྱེད་ཀྱི་ཡོད”ཅེས་བརྗོད་བྱུང་། རི་སྐེད་དུ་གནས་པའི་ལ་ལྷོ་ཤང་མཐའ་གྲོང་ཚོར་ཁྱིམ་དུད་67ཡོད། གྲོང་ཚོའི་སྡོད་ཁང་གི་གཞོགས་གཅིག་ནི་བྲག་རི་གཡང་གཟར་ཡིན་པ་དང་། ཕྱོགས་གཞན་ཞིག་ནི་ཆར་ཆུ་གཤོང་ས་རེད། ཁྱིམ་ཚང་ཁ་ཤས་དང་ཐ་ན་ཁྱིམ་ཚང་གཉིས་ཀྱི་དབར་གཡམ་ལེབ་ཀྱིས་བཀབ་པའི་གྱང་ཞིག་ལས་མེད་པར་བརྟེན་རྡིབས་པའི་ཉེན་ཁ་ཆེན་པོ་ཡོད།
བརྟག་དཔྱད་བྱས་པ་བརྒྱུད་བཀྲ་ཤིས་ཕུན་ཚོགས་ཀྱིས་གནས་སྤོས་བསྐྱར་སྐྲུན་བྱ་རྒྱུའི་གྲོས་འགོ་བཏོན་མོད། འོན་ཀྱང་གྲོང་མི་ཚོས“ང་ཚོ་སྤོ་གི་མིན། ང་ཚོ་སོ་སོས་སྡོད་ཁང་ཉམས་བཟོ་བྱེད་ཀྱི་ཡིན”ཅེས་བཤད་ནས་སྤོ་འདོད་མི་བྱེད།
“ད་ཆ་བསྐྱར་སྐྲུན་གྱི་གོ་སྐབས་ཡག་པོ་འདི་འདྲ་ཡོད་པས། སྤོ་སའི་ས་ཆ་ལེགས་པ་དང་འགྲིམ་འགྲུལ་སྟབས་བདེ་ཡོད་པའི་གནས་སུ་སྤོས་ན་ཡག་པོ་ཡོད”ཅེས་བཀྲ་ཤིས་ཕུན་ཚོགས་ཀྱིས་གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་དེ་ཁྱིམ་ཚང་རེ་རེ་བཞིན་དུ་བསྐྱོད་ནས་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་། གནས་སྤོའི་དགེ་སྐྱོན་ལ་དབྱེ་ཞིབ་ཀྱིས་གྲོང་མི་རྣམས་ལ་དེ་ནི་མི་རབས་རྗེས་མར་བདེ་སྐྱིད་བསྐྲུན་པའི་ཡུན་རིང་གི་བྱ་སྤྱོད་ཅིག་ཡིན་པ་གསལ་བཤད་བྱས།
བསྐྱར་སྐྲུན་བྱེད་འགོ་ཚུགས་རྗེས། ལ་ལྷོ་ཤང་གི་གྲོང་ཚོ་འགན་ལེན་ལས་བྱེད་པ་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་རྣམས་འབྲེལ་གཏུག་པ་དང་མཐུན་སྦྱོར་པར་གྱུར་ཡོད། ནམ་མ་ལངས་གོང་ཁོང་ཚོ་ལས་ཡུལ་དུ་བསྐྱོད་ནས་ཨར་ལས་རུ་ཁག་ལ་མང་ཚོགས་ཀྱི་དགོས་མཁོ་བརྒྱུད་བསྒྲགས་དང་། མང་ཚོགས་ལ་ཨར་ལས་ཀྱི་འཆར་འགོད་འགྲེལ་བཤད་བརྒྱབ་པ་དང་དུས་མཚུངས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཡང་བྱེད་ཀྱི་ཡོད།
མི་རྣམས་དེ་བས་སེམས་འགུལ་ཐེབས་པ་ཞིག་ནི་ས་སྐྱ་རྫོང་སྲད་ཤང་དང་། མོ་ལྷ་ཤང་། དགེ་སྡིང་གྲོང་རྡལ་བཅས་ཀྱི་ན་གཞོན་ཏང་ཡོན་ལས་བྱེད་པ་ཚོས་རང་འགུལ་ངང་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་ལ་ལྷོ་ཤང་གི་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ནང་ཞུགས་ཡོད། ཁོང་ཚོས་སྟོད་གོས་དམར་པོ་གྱོན་ནས་ས་རྡོ་དབོར་བ་དང་ལས་ཀར་གཞོགས་འདེགས་བྱས་ཏེ་ལ་ལྷོ་ཤང་གི་གེགས་རྗེས་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་འབད་འབུངས་བྱེད་བཞིན་ཡོད། ས་སྐྱ་རྫོང་སྲད་ཤང་དང་བླངས་ཞབས་ཞུ་རུ་ཁག་གི་རུ་མི་ཚོས“གེགས་རྗེས་བསྐྱར་སྐྲུན་ལ་རང་ཉིད་ཀྱི་ལེགས་སྐྱེས་ཕུལ་ཐུབ་པས། དཀའ་ལས་ཁག་ཀྱང་སེམས་སྐྱིད་པོ་འདུག”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།