སྡེ་ཚན་བཞིས་རྩལ་ནུས་ཤེས་ལྡན་པ་ལུགས་མཐུན་དང་བདེ་བླག་འཁོར་སྐྱོད་ཐུབ་པར་སྐུལ་འདེད་བཏང་བ།
ལས་རིགས་རྩལ་ནུས་ལག་ཁྱེར་ཕན་ཚུན་གོ་ཆོད་ཁས་ལེན་བྱེད་པར་སྐུལ་འདེད་བཏང་བ།
ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གཞུང་དོན་ཐིང་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་གཞུང་དོན་ཐིང་། འཕྲལ་སྡོམ་དོ་དམ་པུའི་གཞུང་དོན་ཐིང་། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་གཞུང་དོན་ཐིང་བཅས་ཀྱིས《ལས་རིགས་རྩལ་ནུས་ལག་ཁྱེར་ཕན་ཚུན་གོ་ཆོད་ཁས་ལེན་བྱེད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ལས་རིགས་རྩལ་ནུས་ལག་ཁྱེར་ཕན་ཚུན་གོ་ཆོད་ཁས་ལེན་བྱེད་པར་སྐུལ་འདེད་གཏོང་བ་དང་། ངལ་རྩོལ་པའི་རྩལ་ནུས་གདེང་འཇོག་དང་དཔང་རྟགས་བསྡུ་ལེན་གྱི་ཁུར་པོ་ཡང་དུ་བཏང་སྟེ་རྩལ་ནུས་ཤེས་ལྡན་པ་ལུགས་མཐུན་དང་བདེ་བླག་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་རེད།
རང་རྒྱལ་གྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། རྩལ་ནུས་ཤེས་ལྡན་པའི་འཁོར་སྐྱོད་ཉིན་བཞིན་མགྱོགས་སུ་འགྲོ་གི་ཡོད། ལས་རིགས་རྩལ་ནུས་ལག་ཁྱེར་མི་འདྲ་བའི་གཞི་འཛིན་སའི་བཅའ་ཁྲིམས་ཁྲིམས་སྲོལ་དང་། དོ་དམ་ལག་བསྟར་སྡེ་ཚན། གདེང་འཇོག་ཚད་གཞི་མི་འདྲ་བ་བཅས་ཀྱི་དབང་གིས་རྩལ་ནུས་ཤེས་ལྡན་པ་ཁག་གཅིག་ས་ཁོངས་དང་ལས་རིགས་བརྒལ་ནས་ལས་ཞུགས་བྱེད་སྐབས། དེ་དག་གིས་འཁྱེར་བའི་ལས་རིགས་རྩལ་ནུས་ལག་ཁྱེར་ཕན་ཚུན་གོ་ཆོད་ཁས་ལེན་བྱེད་པར་འགོག་རྐྱེན་བཟོས་ཡོད། བརྡ་ཐོ་ལག་བསྟར་བྱས་པ་དེས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་། རྩལ་ནུས་ཤེས་ལྡན་པའི་འཁོར་སྐྱོད་ཀྱི་བཀག་རྒྱ་གཏོར་བ། རྩལ་ནུས་ཤེས་ལྡན་པའི་ཐོན་ཁུངས་ལུགས་མཐུན་ངང་འཁོར་སྐྱོད་དང་ནུས་ལྡན་ངང་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་རེད།
བརྡ་ཐོའི་ནང་ཁ་གསལ་བཏོན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་ལས་རིགས་ཐོབ་ཐང་ལག་ཁྱེར་ཕན་ཚུན་གོ་ཆོད་ཁས་ལེན་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་། འཕྲལ་སྡོམ་དོ་དམ། ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་གང་རུང་ཞིག་གིས་སྤྲད་པའི་གློག་ལས་དང་ཚ་ལ་རྒྱག་མཁན་གྱི་ལས་རིགས་ཐོབ་ཐང་ལག་ཁྱེར་ཐོབ་པའི་ལས་ཞུགས་མི་སྣར་སྡེ་ཚན་གཞན་དག་གཉིས་པོའི་བབ་མཐུན་གྱི་ལག་ཁྱེར་རེ་ཞུ་བྱེད་སྐབས། གལ་ཏེ་དམིགས་བསལ་གྱི་གཏན་འབེབས་མེད་ན། བདེ་འཇགས་ལས་སྒྲུབ་གསོ་སྦྱོང་དང་བདེ་འཇགས་ལག་རྩལ་གསོ་སྦྱོང་བྱེད་དགོས་མེད་པ་དང་། རིགས་པའི་གཞུང་ལུགས་ཀྱི་རྒྱུགས་ལེན་མི་དགོས་པ་སོགས་རྒྱུགས་ལེན་བརྒྱུད་རིམ་སྟབས་བདེ་རུ་གཏོང་ཆོག
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ལས་རིགས་ཐོབ་ཐང་ལག་ཁྱེར་དང་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་གྱི་འབྲེལ་མཐུད་ལམ་སྲོལ་འཛུགས་དགོས་ཤིང་། གློག་ལས་དང་ཚ་ལ་རྒྱག་མཁན་གྱི་འབྲེལ་ཡོད་ལས་རིགས་ཐོབ་ཐང་ལག་ཁྱེར་ཐོབ་པའི་ལས་ཞུགས་མི་སྣར་ཆ་མཚོན་ན། བབ་མཐུན་ལས་རིགས(ལས་སྣ)ཀྱི་དམའ་རིམ་བཟོ་པའམ་འབྲིང་རིམ་བཟོ་པའི་ཆུ་ཚད་ལ་སླེབས་པར་བརྩིས་ནས་གཏན་འབེབས་ལྟར་རིམ་པ་གཅིག་གི་མཐོ་བའི་རྩལ་ནུས་གདེང་འཇོག་ནང་ཞུགས་ཆོག རྩལ་ནུས་རིམ་པའི་གདེང་འཇོག་མ་བྱས་པའི་རྩལ་ནུས་མི་སྣའི་ལས་རིགས་ཐོབ་ཐང་ལ་ཆ་མཚོན་ན། ས་གནས་ཁག་གིས་རྩལ་ནུས་གདེང་འཇོག་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་པར་རྒྱབ་སྐྱོར་བྱས་ནས། རྒྱུགས་སྤྲོད་ཐེངས་གཅིག་ལས་ལས་རིགས་ཐོབ་ཐང་ལག་ཁྱེར་དང་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་སྤྲོད་པ་སོགས་ཀྱི་བྱ་ཐབས་འཚོལ་ཞིབ་བྱས་ཏེ་རྩལ་ནུས་གདེང་འཇོག་མཉམ་དུ་བྱེད་དགོས།
ལས་རིགས་རྩལ་ནུས་ལག་ཁྱེར་ལ་ལྟ་འདོམས་དང་ཞབས་འདེགས་ཞུ་བར་ཤུགས་སྣོན་བརྒྱབ་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་ཧུར་ཐག་ཞུགས་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ལས་རིགས་རྩལ་ནུས་རིམ་པ་ངོས་འཛིན་སྒྲིག་གཞིས་སྤྲད་པའི་ཁྲིམས་དང་མཐུན་ལ་ནུས་པ་ལྡན་པའི་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྤྱོད་ཆོག་པར་སྐུལ་འདེད་གཏོང་དགོས། རྩལ་ནུས་མི་སྣའི་ལས་རིགས་ཐོབ་ཐང་ལག་བསྟར་སྡེ་ཚན་དང་ཚན་པས་ཕན་ཚུན་གོ་ཆོད་ཁས་ལེན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་ལས་རིགས་དེའི་ཁྱབ་ཁོངས་སུ་ལག་ཁྱེར་ཁྱེར་ནས་ལས་གནས་སུ་ཞུགས་པར་ལྟ་འདོམས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། དེ་དང་ཆབས་ཅིག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་རྩལ་ནུས་ཤེས་ལྡན་པའི་གདེང་འཇོག་ལས་དོན་དྲ་བར་བརྟེན་ནས་ལས་རིགས་རྩལ་ནུས་ལག་ཁྱེར་འདྲི་རྩད་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དྲ་གཅིག་ཀུན་བཤེར་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།