《ཐད་གཏོང་དྲ་ཚོང་གི་ལྟ་འདོམས་བྱེད་ཐབས》ཁྱབ་བསྒྲགས་བྱས་པ།
ཐད་གཏོང་དྲ་ཚོང་ལས་སྟེགས་ཀྱི་གཉེར་སྐྱོང་བ་སོགས་བྱེད་པོའི་བཅའ་ཁྲིམས་ཀྱི་འགན་འཁྲི་ཁ་གསལ་བཟོས་པ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་མཉམ་དུ《ཐད་གཏོང་དྲ་ཐོག་ཚོང་དོན་གྱི་ལྟ་འདོམས་བྱེད་ཐབས》ཁྱབ་བསྒྲགས་བྱས་ནས་ཐད་གཏོང་དྲ་ཚོང་གི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། འཛད་སྤྱོད་པ་དང་གཉེར་སྐྱོང་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་། ཐད་གཏོང་དྲ་ཚོང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་པ་རེད།
བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་འཁོར་འབྲེལ་ཧྲིལ་པོའི་ལྟ་འདོམས་མ་ལག་བཙུགས་པ། བྱེད་ཐབས་ནང་དྲ་ཐོག་ཚོང་དོན་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་ཞིབ་ཕྲ་བཟོས་པ་མ་ཟད། ཚོང་གཉེར་གྱི་སྔ་ཕྱི་བར་གསུམ་གྱི་བརྒྱུད་རིམ་ནས་ཐད་གཏོང་དྲ་ཚོང་ལས་སྟེགས་གཉེར་སྐྱོང་བ་དང་། ཐད་གཏོང་ཁང་གཉེར་སྐྱོང་བ། ཐད་གཏོང་ཚོང་གཉེར་བ། ཐད་གཏོང་ཚོང་གཉེར་བའི་ཞབས་ཞུའི་སྒྲིག་གཞི་སོགས་བྱེད་པོའི་བཅའ་ཁྲིམས་ཀྱི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཡོད་པ་རེད།
ལྟ་འདོམས་བྱེད་ཐབས་གསར་གཏོད་བྱས་ནས་བཞུར་ཚད་ཀྱི་ལྟ་འདོམས་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་པ། བྱེད་ཐབས་ནང་ཐད་གཏོང་དྲ་ཚོང་ལས་རིགས་ཀྱི་ཁྱད་ཆོས་ལ་དམིགས་ནས་ལྟ་འདོམས་བྱེད་སྟངས་ནན་དུ་བཏང་སྟེ། བཞུར་ཚད་ཀྱི་དོ་དམ་ཚོད་འཛིན་དེ་ལྟ་འདོམས་བྱེད་ཐབས་སུ་བཅུག་ནས་ཁྲོམ་ར་ལྟ་འདོམས་སྡེ་ཚན་དང་དྲ་འཕྲིན་སྡེ་ཚན་གྱིས་ཐད་གཏོང་ཁང་གི་གཉེར་སྐྱོང་བ་དང་། ཐད་གཏོང་ཚོང་གཉེར་བ། ཐད་གཏོང་ཚོང་གཉེར་བའི་ཞབས་ཞུའི་སྒྲིག་གཞིའི་ཁྲིམས་འགལ་གནས་ཚུལ་ཐད་གཏོང་དྲ་ཚོང་ལས་སྟེགས་གཉེར་སྐྱོང་བར་བརྡ་ཁྱབ་བཏང་ཕྱིན། ཐད་གཏོང་དྲ་ཚོང་ལས་སྟེགས་གཉེར་སྐྱོང་བས་འབྲེལ་ཡོད་བྱེད་པོར་དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་། བྱེད་ནུས་ལ་ཚོད་འཛིན་བྱེད་པ། བཞུར་ཚད་ལ་ཚོད་འཛིན་བྱེད་པ། ཐད་གཏོང་གནས་སྐབས་མཚམས་འཇོག་བྱེད་པ། དུས་བཀག་ལྟར་ཐད་གཏོང་མཚམས་འཇོག་པ། ཨང་རྟགས་སྤྱོད་མཚམས་འཇོག་པ། ཨང་རྟགས་གསར་དུ་ཐོ་འགོད་བྱེད་དུ་མི་འཇུག་པ། མིང་ཐོ་ནག་པོར་འཇུག་པ་སོགས་ཀྱི་ཐག་གཅོད་བྱེད་ཐབས་སྤྱོད་དགོས་ལུགས་གཏན་འབེབས་ཁ་གསལ་བཟོས་ཡོད་པ་རེད།
ལག་རྩལ་འཕེལ་རྒྱས་སྐོར་ལ་ལན་བཏབ་ནས་གྲངས་མིའི་ཐད་གཏོང་ཚད་ལྡན་དུ་བཏང་བ། བྱེད་ཐབས་དེས་གྲངས་མིའི་སྙན་སྒྲོན་པ་སོགས་མི་ཐབས་རིག་ནུས་ལས་གྲུབ་པའི་ནང་དོན་ལྟ་འདོམས་ཀྱི་ཁྱབ་ཁོངས་སུ་བཅུག་ནས། ལག་རྩལ་གསར་པ་དེ་ཆ་འཕྲིན་རྫུན་མ་བཟོ་བའམ་ཡང་ན་ཁྱབ་སྤེལ་གཏོང་བའི་ལག་ཆར་མི་འགྱུར་བ་བྱས་ཏེ། ཐད་གཏོང་དྲ་ཚོང་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་ལག་རྩལ་ཚད་ལྡན་ངང་སྤྱོད་པར་སྐུལ་འདེད་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།