“ཨ་རབ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་བློ་སྒོ་དེ་བས་མང་བ་ཕྱེ་བ”
“རྒྱལ་སྐྱོང་སྲིད་འཛིན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་ཀྲུང་གོའི་རྣམ་བཤད་དང་བློ་གྲོས་ནི་ཨ་རབ་རྒྱལ་ཁབ་ཀྱིས་དཔྱད་གཞིར་འཛིན་རིན་ཡོད”ཅེས་ལེ་པ་ནོན་དར་གོས་ལམ་བུའི་ཞིབ་འཇུག་ཁང་གི་ཡོན་ཀྲང་དང་ལེ་པ་ནོན་གྱི“ལེ་ཀྲུང་སྐད་ཆ་ཤོད་རེས་ལམ་བུའི”མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝ་ལི་ཧྥུའུ·ཁུའུ་མའེ་ཧཱ་ཡིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་འབྲེལ་ཡོད་གསུང་རྩོམ་ལ་ཞིབ་ཀློག་བྱས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་མཛད་ཇུས་དང་རྒྱལ་སྐྱོང་གི་འདུ་ཤེས་ལ་ངོས་འཛིན་དེ་བས་མང་དུ་ཕྱིན་སོང་ཞེས་བརྗོད།
ཁུའུ་མའེ་ཧཱ་ཡི་མཐོང་སྣང་ནས་བརྗོད་ན། ཚན་རིག་དང་མཐུན་པའི་འཐབ་ཇུས་འཆར་འགོད་ནི་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། ཀྲུང་གོ་གུང་ཁྲན་ཏང་གིས་དུས་ཡུན་འབྲིང་རིང་གི་འཆར་འགོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མཛུབ་ཁྲིད་བྱས་ཏེ། འཆར་འགོད་ལག་བསྟར་བྱེད་རིང་ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་སྐུལ་སློང་དང་གཅིག་སྡུད་ནུས་ལྡན་བྱེད་ཐུབ་པ་དང་། ཀྲུང་གོ་འདི་ཉིད་དབུལ་ཞིང་ཉམས་ཞན་གྱི་ཞིང་ལས་རྒྱལ་ཁབ་ཅིག་ནས་འཛམ་གླིང་གི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་བསྐྲུན་ཡོད། ཁོང་གིས“ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་གིས་ང་ཚོར་སྔར་བས་ཡུན་རིང་དང་ལུགས་མཐུན་གྱི་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱེད་དགོས་པའི་བློ་སྒོ་ཕྱེ་ཡོད”ཅེས་བརྗོད།
“ལེ་ཀྲུང་སྐད་ཆ་ཤོད་རེས་ལམ་བུའི”མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པའི་ཁུའུ་མའེ་ཧཱ་ཡིས། ཨ་རབ་རྒྱལ་ཁབ་ཀྱི་མི་དམངས་དང་ཀྲུང་གོའི་མི་དམངས་དབར་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། མིག་སྔར་ཨ་ཀྲུང་རྒྱལ་ཁབ་གཉིས་པོ་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས་ཕྱོགས་གཉིས་པོས་དཔལ་འབྱོར་དང་། ཚན་རྩལ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ན་ཕྱོགས་གཉིས་པོའི་འཕེལ་རྒྱས་དེ་བས་ལེགས་སུ་འགྲོ་རྒྱུར་ཕན་པ་མ་ཟད། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ཅེས་བརྗོད།
ཁུའུ་མའེ་ཧཱ་ཡིས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དེ་ཐོག་ནས་བློ་རྒྱ་ཆེན་པོ་དང་འགན་འཁྲི་འཁུར་ཕོད་པ་མཚོན་ཡོད། ཨ་རབ་རྒྱལ་ཁབ་དང་ཀྲུང་གོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་མཉམ་ལས། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་སྤྱི་ཚོགས་ལམ་ལུགས་མི་འདྲ་བ་དང་། དད་མོས་མི་འདྲ་བ། རིག་གནས་སྲོལ་རྒྱུན་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་འཆམ་མཐུན་མཉམ་གནས་ཀྱི་དཔེ་མཚོན་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་མཐའ་འཁྱོངས་བྱས་པ་དེས་ཀྱང་ཨ་རབ་རྒྱལ་ཁབ་ཁག་གིས་ཕྱི་ཕྱོགས་འབྲེལ་བ་འཕེལ་རྒྱས་གཏོང་བར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།